རྒྱ་ནག་དང་ནོར་ལྦེའི་ཡུལ་གྱི་འབྲེལ་བར་དོ་ཕོག།
2010.12.02
༄༅༎རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་ལ་འདི་ལོ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་གནད་དོན་རྐྱེན་པས་རྒྱ་ནག་དང་ནོར་ལྦའི་རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་དོ་ཕོག་ཐེབས་ཡོད་པ་མ་ཟད་འབྲེལ་བ་དམ་ཟམ་བྱ་རྒྱུ་ཁག་པོ་ཆགས་ཡོད་པའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག་༎
འདས་པའི་ལོ་ངོ་གཉིས་ཙམ་རིང་ནོར་ལྦའི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གྱི་གན་རྒྱ་འཇོག་ཐབས་སླད་གྲོས་མོལ་བཀའ་བསྡུར་བྱ་མུས་ཡིན་ཡང་འདི་ལོ་ནོར་ལྦའི་ནང་རྟེན་གཞི་བྱས་པའི་ནོ་བེལ་ཞི་བདེའི་གཟེགས་རྟགས་ཚོགས་ཆུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་ལ་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཚོང་འབྲེལ་གྱི་གྲོས་མོལ་བར་མཚམས་བཅད་ཡོད་པ་རེད་ ཁ་ས་རེས་གཟའ་མིག་དམར་ཉིན་ནོར་ལྦའི་གྱི་གཞུང་འབྲེལ་མཐོ་རིམ་མི་སྣ་ཞིག་གིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་གྱི་གྲོས་མོལ་དུས་ཚོད་བར་མཚམས་བཅད་པའི་རྗེས་སླར་ཡང་གྲོས་མོལ་གནང་རྒྱུའི་དུས་ཚེས་ད་ལྟ་ཡང་གཏན་འབེབས་བྱས་མེད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད་ གནད་དོན་འདིའི་ཐད་རེས་གཟའ་ལྷག་པའི་ཉིན་རོ་ཨི་ཀྲར་གསར་ལས་ཁང་གིས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅིའང་ཡུའུ་ལ་བཅར་འདྲི་བྱ་སྐབས་ ནོ་བེལ་ཞི་བདེའི་ཚོགས་ཆུང་ནས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་དེར་་ནོར་ལྦའི་གཞུང་ནས་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱས་པའི་རྐྱེན་རྒྱ་ནག་ངོས་ནས་ནོར་ལྦའི་གཞུང་དང་རྒྱུན་ལྡན་ལྟར་མཛའ་གྲོགས་ཀྱི་འབྲེལ་ལམ་བཟུང་རྒྱུ་ཁག་པོ་ཆགས་ཡོད་པའི་སྐོར་རྒྱ་ནག་གི་མགྲིན་ཚབ་པའི་ལན་འདེབས་བྱས་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་མུ་མཐུད་བརྗོད་ན་ ནོར་ལྦའི་གཞུང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་པ་དེ་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་མ་ཡིན་པར་རྒྱལ་ཁབ་གཞན་ཞིག་གི་བདག་དབང་དང་སྤྱི་ཚོགས་ཀྱི་ཁྲིམས་ལུགས་ལ་ཁྱད་གསོད་བྱས་པའི་གནད་དོན་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག་༎