འཇར་མེ་ནི་ཡིས་ཐེ་ཝན་རྒྱ་ནག་དང་ཞི་བའི་ཐོག་ནས་གཅིག་འགྱུར་བྱ་རྒྱུར་རྒྱབ་སྐྱོར་དགོས་པ་རྒྱ་ནག་གཞུང་གིས་རེ་བ་བཏོན་པ།
རེས་གཟའ་སྤེན་པ་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གི་ཕྱི་སྲིད་དཔོན་རིགས་ཝང་ཡིས་འཇར་མེ་ནི་ཡི་ཕྱི་སྲིད་བློན་ཆེན་ Annalena Baerbock དང་མཉམ་མཇལ་མོལ་གནང་པའི་སྐབས་རྒྱ་ནག་གི་ཕྱི་སྲིད་དཔོན་རིགས་ནས་འཇར་མེ་ནི་གཞུང་གིས་རྒྱ་ནག་དང་ཐེ་ཝན་གཉིས་ཞི་བའི་ཐོག་ནས་གཅིག་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུར་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་མ་ཟད་། རྒྱ་ནག་གིས་དེ་སྔོན་འཇར་མེ་ནི་ཤར་ནུབ་གཅིག་འགྱུར་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ལུགས་དང་། ཝང་ཡིས་ཐེ་ཝན་མཚོ་འགག་གི་བརྟན་ལྷིང་སྲུང་སྐྱོབས་བྱ་རྒྱུར་ངེས་པར་དུ་ཐེ་ཝན་རང་བཙན་གྱི་ལས་འགུལ་ལ་ངོ་རྒོལ་བྱ་དགོས་པ་དང་། ཐེ་ཝན་རྒྱ་ནག་དང་གཅིག་འགྱུར་བྱ་རྒྱུ་དེ་ནི་དམག་ཆེན་གཉིས་པའི་རྗེས་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་གལ་འགངས་ཆེ་བའི་ཆ་ཤས་ཤིག་ཡིན་པའི་སྐོར་སོགས་བཤད་ཡོད་འདུག འོན་ཀྱང་རེས་གཟའ་པ་སངས་ཉིན་འཇར་མི་ནིའི་ཕྱི་སྲིད་བློན་ཆེན་གྱིས། རྒྱ་ནག་གིས་ཐེ་ཝན་ལ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་དེ་ནི་ཁས་ལེན་ཐབས་མེད་པ་དང་། དེས་ཡུ་རོབ་ཡུལ་གྲུ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པའི་སྐོར་གསུངས་ཡོད་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་དེ་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ལུགས་བཤད་ནས་ཐེ་ཝན་དྲག་པོའི་ཐབས་ལམ་ཐོག་ནས་གཅིག་འགྱུར་བྱ་རྒྱུའི་འདུན་པ་འདོར་གྱི་མེད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིན་ཝེན་གྱིས་རྒྱ་ནག་གི་ལངས་ཕྱོགས་ལ་ཁས་ལེན་གནང་གི་མེད་པར། ཐེ་ཝན་གྱི་མ་འོངས་མདུན་ལམ་ནི་ཐེ་ཝན་མི་དམངས་ལ་མ་གཏོགས་ཐག་གཅོད་བྱེད་དབང་སུ་ལའང་མེད་པ་གསུངས་ཀྱི་ཡོད་པ་རེད་།
ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་གཟའ་སྤེན་པའི་ཉིན་གསལ་བསྒྲགས་སྤེལ་ཏེ་འཇར་མེ་ནི་ཡི་ཕྱི་སྲིད་བློན་ཆེན་གྱི་གོང་ཞུས་བཀའ་མོལ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུས་པ་དང་འབྲེལ་འཇར་མེ་ནི་ཚུད་པའི་འཛམ་གླིང་ཡུལ་གྲུ་ཁག་གི་དཔོན་རིགས་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་འདུག
འཇར་མེ་ནི་ཡི་ད་ལྟའི་གཞུང་འཛིན་གྱིས་དེ་སྔོན་གྱི་གཞུང་འཛིན་དང་མི་འདྲ་བར་རྒྱ་ནག་ཐོག་འཐབ་བྱུས་གསར་པ་ཞིག་འཛིན་གྱི་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་དོན་ཐོག་ནས་རེ་ལྟོས་བྱ་རྒྱུ་དེ་རིམ་བཞིན་ཆུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་དེ་བཞིན་འཇར་མེ་ནི་ཡི་དངོས་ཟོག་ཕྱིར་དྲེན་གྱི་ཁྲོམ་ར་གཙོ་བོ་ཞིག་ཡིན་མུས་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།