རྒྱ་ནག་གིས་དངོས་ཟོག་ཕྱིར་བཙོང་ཉུང་དུ་ཕྱིན་པའི་གནས་སྟངས།
2011.12.07
༄༅༎རྒྱ་ནག་གིས་ནུབ་ཕྱོགས་ཡུལ་ཁག་ནང་དངོས་ཟོག་ཕྱིར་བཙོང་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་གདོང་ལེན་བྱ་དགོས་ལུགས་རྒྱ་ནག་ཚོང་དོན་བློན་ཆེན་ནས་ཉེན་བརྡ་བཏང་ཡོད་འདུག
གཟའ་སྤེན་པའི་ཉིན་གྲངས་ཚད་ཕྱིར་བསྒྲགས་བྱས་པ་ལྟར་ན་ རྒྱ་ནག་གི་དངོས་ཟོག་ཕྱི་རྒྱལ་ཡུལ་ཁག་དུ་ཕྱིར་བཙོང་བྱེད་ཡས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དང་ རྒྱ་ནག་གི་དངོས་ཟོག་ཕྱིར་འདྲེན་བྱེད་ཡས་ཀྱི་གྲངས་འབོར་ནང་ནས་རྒྱ་ཆ་༤༠ལྷག་ཨ་རི་དང་ཡོ་རོབ་ཡུལ་ཁག་དུ་ཕྱིར་འདྲེན་བྱེད་ཀྱི་ཡོད་ཅིང་ དུས་སང་རྒྱ་ནག་གི་ཕྱིར་བཙོང་བྱེད་ཡས་ཀྱི་གྲངས་འབོར་ཚད་བཀག་ལྟར་བྱ་ཐུབ རྒྱུ་ཁག་པོ་ཡིན་ཞིང་ དེར་བརྟེན་ རྒྱ་ནག་གིས་ཕྱིར་བཙོང་བྱེད་ཡས་ཀྱི་དངོས་ཟོག་འཕེལ་རྒྱས་འགྲོ་བཞིན་པའི་ཨི་ཤི་ཡ་དང་ དབུས་ཨ་མི་རི་ཀའི་ཡུལ་ཁག་ཁག་ནང་ཕྱིར་བཙོང་ བྱ་རྒྱུའི་དམིགས་ཚད་བཟུང་དགོས་ལུགས་རྒྱ་ནག་གི་ཚོང་དོན་བློན་ཆེན་ནས་འགྲེལ་བརྗོད་བྱས་ཡོད་འདུག་ལ་ རྒྱ་ནག་གི་ཚོང་ལས་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཡུལ་ཁག་ནས་ དངོས་ཟོག་རྒྱ་ནག་ནང་ནང་འདྲེན་བྱ་རྒྱུའི་ཚོད་ལྟ་བྱས་ནས་ ནུབ་ཕྱོགས་ཡུལ་ཁག་གི་དེང་སྐབས་ཚོང་དོན་དང་དཔལ་འབྱོར་གནས་སྟངས་ཀྱི་དཀའ་ངལ་སེབས་ཐབས་བྱ་རྒྱུ་ཡིན་ལུགས་ཀྱང་བརྗོད་འདུག རྒྱ་ནག་གིས་ཡུ་རོབ་ཡུལ་ཁག་ནང་དངོས་ཟོག་ཕྱིར་བཙོང་བྱེད་ཡས་ཕྱི་ཟླ་བཅུ་པའི་ནང་ན་ནིང་དང་བསྡུར་ན་བརྒྱ་ཆ་དགུ་ཙམ་ཉུང་དུ་ཕྱིན་ཡོད་པ་དང་ ཨ་རིའི་ནང་དངོས་ཟོག་ཕྱིར་བཙོང་བྱེད་ཡས་རྒྱ་ཆ་ལྔ་ཙམ་ཉུང་དུ་ཕྱིན་ཡོད་ཅིང་ ཡིན་ནའི་དབུས་ཨ་མི་རི་ཀའི་ཡུལ་ཁག་གིས་དགོས་མཁོ་བཞིན་ ཡུལ་གྲུ་དེ་དག་ནང་རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་བྱས་པར་བརྟེན་ནས་ རྒྱ་ནག་གི་ཕྱི་རྒྱལ་ཡུལ་ཁག་དུ་དངོས་ཟོག་ཕྱིར་བཙོང་བྱེད་ཡས་ཀྱི་ཁྱོན་ཡོངས་ཀྱི་གྲངས་འབོར་ལ་འགྱུར་ལྡོག་དེ་ཙམ་བྱུང་མེད་ཀྱང་ ད་ལོ་ནི་རྒྱ་ནག་གིས་ཕྱི་རྒྱལ་ཡུལ་ཁག་ནང་དངོས་ཟོག་ཕྱིར་བཙོང་བྱས་ནས་འདས་པའི་ལོ་ངོ་གཉིས་ནང་ཁེ་བཟང་ཉུང་ཤོས་ཀྱི་ལོ་ཞིག་ཡིན་པ་བརྗོད་འདུག