ལོ་གཉིས་གོང་སྒོ་བརྒྱབ་ཟིན་པའི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཚོར་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བསུན་བཙེར་བཟོ་བཞིན་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གྱི་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་བཅུག་པའི་གྲས་ནས་མདོ་སྨད་མགོ་ལོག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སློབ་གྲྭ་དེ་བཞིན་ཕྱི་ལོ་༢༠༢༡ཕྱི་ཟླ་༧ནང་སྒོ་བརྒྱབ་བཅུག་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་དང་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སེང་འབྲུག་སྟག་རྩེ་སློབ་གྲྭ་ཐོག་མར་འཛུགས་གནང་མཁན། མཁན་པོ་འཇིགས་མེད་ཀུན་དགའ་རྒྱལ་མཚན་དང་སློབ་གྲྭའི་དགེ་རྒན་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་བཞིན་ཡོད་འདུག
ཕྱི་ལོ་༢༠༢༠དང་༢༠༢༡ལོའི་ནང་བོད་ནང་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་བཅུག་པར་མ་ཟད། བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ཟུར་ཁྲིད་ཀྱང་བྱེད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འགྲེལ་བརྗོད་བྱུང་བར་གཞིགས་ན། སེང་འབྲུག་སྟག་རྩེ་སློབ་གྲྭ་ཕྱི་ལོ་༢༠༢༡ལོར་སྒོ་བརྒྱབ་པ་ནས་བཟུང་ད་བར་སློབ་གྲྭ་ཡོངས་སུ་བེད་མེད་དུ་བཞག་ཡོད་འདུག་ལ། སློབ་གྲྭའི་སློབ་སྤྱི་གཙོས་དགེ་རྒན་ཚོར་དོགས་ཟོན་ཆེན་པོ་བྱེད་བཞིན་པར་མ་ཟད། ཁོང་ཚོ་དུས་ཚོད་ངེས་མེད་ཐོག་ཉེན་རྟོག་ལས་ཁུངས་སུ་འདྲི་རྩད་ཆེད་འབོད་འགུག་བྱེད་པ་དང་། མི་གཞན་དང་ཐུག་འཕྲད་བྱ་རྒྱུར་དོ་དམ་བྱེད་བཞིན་ཡོད་འདུག
སེང་འབྲུག་སློབ་གྲྭ་དེ་ཐོག་མར་བཙུགས་པའི་དམིགས་ཡུལ་ནི། མགོ་ལོག་ཁུལ་གྱི་བོད་ཕྲུག་སྤྱི་དང་ལྷག་པར་དུ་དྭ་ཕྲུག་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན་འདུག་ཅིང་། སློབ་གྲྭ་སྒོ་བརྒྱབ་རྗེས་དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་དང་། སློབ་ཕྲུག་དྭ་ཕྲུག་མང་དག་ཅིག་འགྲོ་ས་སྡོད་ས་མེད་པའི་དཀའ་ངལ་བྱུང་ཡོད་པ་རེད་འདུག་ལ། གནས་ཚུལ་འདིར་རྒྱུས་མངའ་ཡོད་མཁན་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཞིག་གིས། ད་ལྟའི་ཆར་སློབ་ཕྲུག་རེ་གཉིས་མ་གཏོགས་མང་ཆེ་བ་རྒྱ་ནག་གཞུང་གཉེར་སློབ་གྲྭའི་ནང་འགྲོ་ཐུབ་པ་བྱུང་ཡོད་པ་བརྗོད་ཀྱི་འདུག འོན་ཀྱང་སློབ་གྲྭ་དེ་སྔ་རྒྱ་ནག་གཞུང་འབྲེལ་ངོས་ནས་རྩིས་ལེན་བྱས་ཏེ་ཤེས་ཡོན་ཆེད་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག་ཀྱང་། ལོ་གཉིས་ཟིན་མཚམས་ད་དུང་ཡང་སློབ་གྲྭ་བེད་སྤྱོད་རྩ་བ་ནས་མེད་པར་བཞག་ཡོད་པ་འགྲེལ་བརྗོད་བྱས་བྱུང་།
མགོ་ལག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་ནི། མཁན་པོ་འཇིགས་མེད་ཀུན་དགའ་རྒྱལ་མཚན་ལགས་དང་། མཁན་པོ་ཐུབ་ནོར་རིན་པོ་ཆེ་རྣམ་གཉིས་ནས་ཕྱི་ལོ་༡༩༩༨་ཟླ༡༢་ཚེས་༥ཉིན། མགོ་ལོག་ཁུལ་སྲིད་གཞུང་དང་དར་ལོག་རྫོང་སྲིད་གཞུང་གཉིས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཆེད་བཙུགས་གནང་པ་ཞིག་ཡིན་ཞིང་། རིམ་པས་སློབ་གྲྭའི་ངོས་ནས་སློབ་ཕྲུག་ཚོར་རོགས་རམ་དང་། སློབ་གསོ་སྤྲོད་ཕྱོགས་གང་གི་ཐོག་ནས་མང་ཚོགས་ནས་འདེང་འཇོག་ཆེན་པོ་ཐོབ་ཡོད། རྒྱ་ནག་གཞུང་གིས་སེང་འབྲུག་སློབ་གྲྭ་དང་དེ་མིན་བོད་པས་བཙུགས་པའི་སྒེར་གཉེར་སློབ་གྲྭ་མང་དག་ཞིག་བཙན་དབང་གི་ཐོག་ནས་སྒོ་བརྒྱབ་ཏུ་བཅུག་པ་དེ་ནི་རྒྱ་ནག་གཞུང་གི་རྒྱ་བསྒྱུར་ཤེས་ཡོན་སྲིད་བྱུས་དངོས་སུ་བོད་མིའི་ས་ཁུལ་ཁག་ཏུ་ལག་བསྟར་བྱས་ཡོད་པའི་མཚོན་རྟགས་ཤིག་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།