རྒྱ་ནག་གཞུང་གིས་རྔ་པ་ཕྱོགས་སུ་ཡུལ་མི་ཚོའི་སྡོད་ཁང་གི་ཕྱི་ཕྱོགས་སུ་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་གང་ཡང་འཇོག་མི་ཆོག་པ་བཟོས་འདུག

2024.07.23
རྒྱ་ནག་གཞུང་གིས་རྔ་པ་ཕྱོགས་སུ་ཡུལ་མི་ཚོའི་སྡོད་ཁང་གི་ཕྱི་ཕྱོགས་སུ་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་གང་ཡང་འཇོག་མི་ཆོག་པ་བཟོས་འདུག མདོ་སྨད་རྔ་བ་རྫོང་ཁོངས་ཀྱི་ས་ཁྲ།
སྒྲིག་བཟོ། /RFA File

ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་བོད་མདོ་སྨད་རྔ་པ་རྫོང་གི་ཡུལ་ཚོ་དང་གྲོང་སྡེ་ཁག་ཏུ་ཉུལ་ཞིབ་ཀྱིས། ཁྱིམ་ཚང་རེ་རེ་བྱས་ཏེ་ཁྱིམ་ཚང་ཁག་གི་སྡོད་ཁང་མདུན་དང་། ཁང་ཐོག་སོགས་སུ་ཡོད་པའི་དར་ལྕོགས་དང་། བསང་ཁྲི་རིགས་བཙན་ཐབས་ཀྱིས་གཏོར་བཤིག་བཏང་པ་དང་། ཁྱིམ་ཚང་རེ་ཟུང་གི་ཁྱིམ་དུ་གང་བྱུང་སྔོག་བཤེར་བྱས་པ་མ་ཟད། སྡོད་ཁང་གི་ཕྱི་ཕྱོགས་སུ་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་རིགས་གང་ཡང་བཞག་མི་ཆོག་པའི་བཙན་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་ ༧ པ་ནས་བཟུང་རྔ་པ་རྫོང་རྔ་སྲིབ་ཀ་ཉག་སོགས་སུ་སྡེ་པ་རེ་རེ་བྱས་ཏེ་དུད་ཁྱིམ་ཁག་ཏུ་རྒྱ་ནག་གཞུང་གི་དཔོན་རིགས་ཡོང་སྟེ། དར་ལྕོགས་དང་བསང་ཁྲི་གཏོར་བཤིག་བཏང་པ་དང་། རྗེས་སུ་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་རིགས་ཁང་པའི་ཕྱི་ལ་སྟོན་མི་ཆོག་པ་བརྗོད་པ་ཙམ་ལས། རྒྱུ་མཚན་ཇི་ཡིན་སོགས་གསལ་བཤད་གང་ཡང་བྱས་མེད་སྐོར་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་བརྗོད་བྱུང་ལ། ཉེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་རྔ་པ་ཕྱོགས་ཀྱི་དགོན་པ་ཁག་ནས་དགེ་འདུན་པ་ཚོ་ཕྱི་ལ་འགྲོ་བསྐྱོད་མི་ཆོག་པ་དང་ཉེན་རྟོག་པས་སྐོར་སྲུང་སོགས་ཀྱི་འོག་དམ་དྲག་ཤུགས་ཆེར་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་ད་ལྟ་ཨོསི་ཊརེ་ལི་ཡར་གནས་བཞུགས་རྩོམ་པ་པོ་དང་རྒྱ་ནག་གི་སྲིད་ཇུས་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། མིག་སྔར་བོད་ཁམས་ཁྱོན་ཡོངས་སུ་འདི་འདྲའི་སྲིད་ཇུས་ཞིག་ལག་བསྟར་བྱེད་བཞིན་པ་གོ་ཐོས་མ་བྱུང་། འོན་ཀྱང་ལོ་སྔོན་མ་དག་གི་ནང་ལྷ་སའི་གཙུག་ལག་ཁང་སོགས་ཆོས་ལུགས་ཀྱི་བསྟི་གནས་ཁག་ཅིག་ལ་བསང་གསོལ་མཆོད་འབུལ་སོགས་ཀྱིས་ཤུགས་རྐྱེན་བྱེད་པར་རྒྱ་ནག་གིས་སྟངས་འཛིན་བྱེད་བཞིན་པའི་གནས་ཚུལ་བྱུང་ཡོད་པས། ད་རེས་དེ་ནི་སྲིད་ཇུས་དེའི་ཕྱོགས་གཏོགས་ཞིག་རེད་བསམ། གཞན་མདོ་སྨད་རྔ་པ་ནི་བོད་དོན་ཆེད་རང་ལུས་མེར་སྲེག་གི་ངོ་རྒོལ་བྱུང་ཡུལ་ས་གནས་ལྟེ་བའི་གྲས་ཤིག་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གདན་ས་ཡང་རྔ་པ་ཡིན་དུས་རྒྱ་ནག་གིས་ཚོད་ལྟའི་རང་བཞིན་གྱི་སྲིད་ཇུས་ཞིག་ལག་བསྟར་བྱེད་བཞིན་པ་མིན་འགྲོ་སྙམ། དེ་ནས་རིམ་པས་རྒྱ་ནག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་དང་། ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་སོགས་བྱེད་བཞིན་པར་ངོས་འཛིན་བྱེད་ཆོག་མོད། ང་ཚོས་རིམ་པས་གནས་ཚུལ་འདི་རྗེས་འདེད་ཀྱི་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་ཡིན་པ་གསུངས་བྱུང་།

ཕྱི་ཟླ་ ༧ ནང་ཟླ་མགོར་རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་གྱི་ཨ་ལགས་སྒོ་རུ་ཚང་གི་དུས་འཁོར་དབང་ཆེན་བཀག་འགོག་བྱས་ཡོད་པ་བཞིན། ཡང་འབྲེལ་ཡོད་གཞན་ཞིག་གིས་ཕྱི་ཟླ་ ༨ ནང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཚེས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་ངོས་ནས་ཁོང་གི་པར་རིས་སོགས་སྤྱི་ཚོགས་དྲ་ལམ་ཐོག་བརྒྱུད་སྐུར་བྱ་རྒྱུའི་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། དེ་མིན་སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་སྨོན་ལམ་འདོན་པ་དང་དགོན་པ་ཁག་ཏུ་ཞབས་རིམ་བསྒྲུབས་རིགས་བརྒྱུད་སྐུར་བྱེད་མཁན་ཚོར་འབོད་འགུག་འདྲི་རྩད་བྱེད་བཞིན་ཡོད་པ་བརྗོད་བྱུང་། 

སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར། ཁོར་ཡུག་གཙང་ཉར་བྱ་རྒྱུ་སོགས་ལ་སྙད་བཏགས་ཏེ་དེ་སྔ་ནས་བོད་མི་ཚོའི་དར་ལྕོགས་བསྒྲེངས་པ་དང་བསང་གསོལ་བྱེད་པ་རིགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས ༢༤ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་སེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་པ་ནས་ཡིན་པའི་བོད་མི་ཕྱུག་དར་དང་། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱིས་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་འཇུག་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་བོད་མི་ཕྱུག་དར་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་ལ། དེ་མིན་དགོན་སྡེ་ཁག་གི་མི་མང་ལ་ཆེད་དམིགས་ཀྱིས་ཞབས་རིམ་གྱི་བྱེད་སྒོར་དམ་དྲག་དང་། གཞུང་འབྲེལ་གྱི་ཆོག་མཆན་སྤྲོད་བཞིན་དུ་བོད་ཀྱི་བླ་ཆེན་ཁག་གི་དུས་འཁོར་དབང་ཆེན་ཐེངས་མང་ལ་བཀག་འགོག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
ཁ་སྣོན་གསར་འགོད།  ཀེ་ཐོ། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎