བོད་ནང་དགོན་སྡེའི་བྱེད་སྒོ་རྒྱུན་ལྡན་བཞིན་ཡོད་སྐོར།
2008.06.23
༄༅༎རྒྱ་ནག་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ སྟག་བྲག་བསྟན་འཛིན་དགེ་ལེགས་ཞུ་བས་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉེ་ལམ་བོད་མིའི་ངོ་རྒོལ་དང་འབྲེལ་ ཆོས་ལུགས་ཀྱི་བྱེད་སྒོར་འགལ་རྐྱེན་བྱུང་བ་དེ་དག་ ད་ཆ་རྒྱུན་ལྡན་ལྟར་ འགོ་ཚུགས་ཐུབ་སྟེ་ཡོད་སྐོར་ཕྱི་རྒྱལ་གསར་འགོད་པ་ཚོར་ངོ་སྤྲོད་བྱས་པའི་སྐོར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་
དེ་ཡང་ཁོང་གིས་ གདན་ས་ཆེན་པོ་སེ་ར་དང་འབྲས་སྤུངས་ཀྱི་གཙོས་ བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་ཉེ་ལམ་ཟི་ཁྲོན་ཞིང་ཆེན་ནང་བྱུང་བའི་ས་ཡོམ་གྱི་གོད་ཆགས་ལ་སྨོན་ལམ་གསོལ་འདེབས་དང་ ཞལ་འདེབས་བསྡུ་འབུལ་ཞུས་ཡོད་པ་མ་ཟད་ འཛམ་གླིང་ཞི་བདེ་དང་ རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་དེ་ལམ་ལྷོངས་ཡོང་ཕྱིར་ སྨོན་ལམ་གསོལ་འདེབས་ཞུས་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པ་དང་ གཞན་ཡང་ཁོང་གི་གཏམ་བཤད་ནང་ རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་གྲྭ་ཚང་ལ་དཔྱ་ཁྲལ་མི་དགོས་པར་ཚོང་ལས་གཉེར་བཅུག་པ་དང་ དགོན་པ་གྲྭ་ཚང་ལ་འབུལ་བ་ཇི་བྱུང་དགོན་པ་རང་ལ་ཉར་ཚགས་བྱེད་བཅུག་གི་ཡོད་པ་དང་ བོད་ཀྱི་གྲྭ་བཙུན་རེ་ལ་སྤྱི་ཡོངས་ཀྱི་ཡོང་འབབ་རྒྱ་སྒོར་ཁྲི་གསུམ་ཙམ་ཡོང་གི་ཡོད་སྐོར་གྱི་གཏམ་བཤད་བྱས་འདུག