ཨ་རིས་ཐེ་དབན་ལ་གོ་མཚོན་བཙོང་རྒྱུར་རྒྱ་མིས་ངོ་རྒོལ།
2011.09.20
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཐེ་དབན་ལ་དམག་གི་གནམ་གྲུ་F-16 རྟགས་ཅན་ཚོང་འགྱུར་བྱ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྐྱར་དུ་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་སྲིད་འཛིན་ཨོ་སྦ་མ་གི་འཛིན་སྐྱོང་ལས་ཁུང་ནས། གཟའ་འཁོར་འདིའི་ནང། ཐེ་དབན་ལ་ཡོད་པའི་F-16 རྟགས་ཅན་དམག་གི་གནམ་གྲུ་རྣམས་ཚད་མཐོར་གཏང་རྒྱུའི་གནད་དོན་ཐག་གཅོད་གནང་རྒྱུའི་སྐབས་དེར། དེ་རིང་རེས་གཟའ་མིག་དམར་ཉིན་པེ་ཅིང་དུ་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས། ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་འགྱུར་བྱ་རྒྱུར་རྒྱ་ནག་ཕྱོགས་ནས་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི། འགྱུར་བ་རྩ་བ་ནས་མེད་པ་ཁ་གསལ་པོ་ཡིན་པའི་སྐོར་བཤད་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མ་ཡི་འཛིན་སྐྱོང་ལས་ཁུངས་ནས། རེས་གཟའ་པ་སངས་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་གཞུང་འབྲེལ་མིན་པའི་ཐོག་ནས། ཐེ་དབན་གྱིས་ཆེས་ཡར་ཐོན་ཅན་གྱི་F-16 རྟགས་ཅན་དམག་གི་གནམ་གྲུ་༦༦ ཚོང་འགྱུར་ཡོང་བའི་རེ་འདུན་བྱེད་པ་བཞིན། ཨ་རིའི་ཕྱོགས་ནས་ད་ཡོད་ཐེ་དབན་ལ་ཡོད་པའི་F-16 དམག་གི་གནམ་གྲུ་དེ་དག་ཡར་རྒྱས་གཏང་རྒྱུའི་གནད་དོན་དེའི་ཐོག་ཐག་གཅོད་ཀྱི་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་ནག་ཕྱོགས་ནས་ངོ་རྒོལ་རྒྱུན་འཁྱོངས་བྱས་པ་ཞིག་ཡིན་ཞིང༌། ཨ་མི་རི་ཀའི་ཆེས་མཐོིའི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས། དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། སྲིད་འཛིན་ཨོ་སྦ་མ་ཡི་འཛིན་སྐྱོང་ལས་ཁང་ནས། རེས་གཟའ་ལྷག་པའི་ཉིན་ཐེ་དབན་གྱི་དམག་གི་གནམ་གྲུ་ཡར་རྒྱས་གཏང་རྒྱུའི་ཐོག་ཐག་གཅོད་གནང་རྒྱུ་ཡིན་ཞེས་གྲོས་ཚོགས་ལ་དངོས་སུ་བརྡ་ཐོ་བཏང་ཡོད་པའི་འགྲེལ་བརྗོད་གནང་ཡོད་ཀྱང༌། དེའི་སྐོར་གྱི་ནང་དོན་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།།