རྒྱ་ནག་གི་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲན་འདས་ཟིན་པའི་བློ་དོགས།
2010.02.04
༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་སླར་ཡང་རྒྱ་ནག་གཞུང་གིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ ཀའོ་ཀྲེ་ཧྲན་ག་པར་ཡོད་མེད་ལེན་འདེབས་བྱས་མེད་པ་དེ་ཡིས། འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཁོང་རྒྱ་ནག་གཞུང་གི་བཀག་ཉར་དོ་དམ་འོག་འདས་གྲོངས་སུ་ཕྱིན་ཟིན་པའི་བློ་དོགས་བྱེད་ཀྱི་ཡོད་པ་རེད།
དེ་རིང་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་གསུངས་ན། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲན་ནི། ན་ནིང་ཕྱི་ཟླ་གཉིས་པའི་ཚེས་༤ཉིན་རྒྱ་ནག་གཞུང་གི་བདེ་འཇགས་ཉེན་རྟོག་པས། ཁོང་གི་ཕ་ཡུལ་རྒྱ་ནག་གི་བྱང་ཕྱོགས་ཧྲན་ཤི་ཞིང་ཆེན་ནང་དུ་ཡོད་པའི་ཁྱིམ་ཚང་ནས་བཙན་ཁྲིད་བྱས་ཏེ། ལོ་གཅིག་འགྲོ་གི་ཡོད་ནའང་ད་དུང་ཁོང་ག་པར་ཡོད་མེད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། ཉེ་ཆར་གཟའ་འཁོར་གཅིག་གཉིས་གོང་དེར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ལ་ཕྱི་རྒྱལ་གསར་འགོད་པས། ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲན་ ག་པར་ཡོད་མེད་དང་གནས་སྟངས་སྐོར་སྐད་ཆ་བསྐྱར་དུ་དྲིས་པའི་སྐབས། དེར་ལན་འདེབས་གསལ་པོ་ཞིག་བརྒྱབ་མེད་པ་དང། ཀའོ་ཀྲེ་ཧྲན་ག་པར་གནས་དགོས་པ་དེར་ཡོད་དགོས་ཀྱི་རེད་ཅེས་དང། ངས་དངོས་ཡོད་ཀྱི་སྐད་ཆ་བཤད་པ་ཡིན་ན། གནས་ཚུལ་དེ་ཚོའི་རིགས་ང་ཚོར་རགས་ཐབས་མེད་པ་དང། ག་པར་ཡོད་མེད་ཀྱང་རྩ་བ་ནས་ཤེས་རྟོགས་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད། དེ་རིང་བསྐྱར་དུ་གསར་འགོད་པས། མཱ་ཀྲའོ་ཤུ་ལ་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲན་གི་སྐོར་སྐད་ཆ་དྲིས་པར། ང་ཚོས་ཀའོ་ཀྲེ་ཧྲན་གྱི་སྐོར་ལ་ཤེས་པའི་ལངས་ཕྱོགས་ནི་ཐེངས་མང་བཤད་རྒྱུ་བྱུང༌། ཉུང་མཐར་ཐེངས་གསུམ་གསལ་བཤད་བྱས་པ་ཡིན་ཟེར་ལན་འདེབས་བྱས་པ་ལས། གནས་ཚུལ་ཞིབ་ཕྲ་བཤད་མེད་པ་རེད། ཀའོ་ཀྲེ་ཧྲན་ནི། དམར་ཤོག་ཚོགས་པའི་ཚོགས་མི་དང་ཁྲིམས་རྩོད་པ་ཞིག་ཡིན་ཞིང། ཁོང་གིས། རྒྱ་ནག་ནང་དུ་གཏེར་ཁ་སྔོག་འདོན་གྱི་དོན་རྐྱེན་དང། གཞུང་གིས་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་ལུགས་ཉམས་ལེན་བྱེད་མཁན། ཕ་ལུང་ཀུང་ཉམས་ལེན་བྱེད་མཁན་ཚོའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པར་བརྟེན། ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་༡༢པའི་ནང། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་ཡིན་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ། ལོ་གསུམ་གྱི་བཙོན་འཇུག་གི་ཉེས་ཆད་བཏང་བ་དང། དེ་རྗེས་ཁྱིམ་ཚང་ནས་རང་དབང་གིས་འགྲོ་བསྐྱོད་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད།