བོད་མི་འབྲོག་ས་ནས་གཏན་འཇགས་སྡོད་ཁང་དུ་སྤོ་རུ་བཅུག་པ།
2010.11.29
༄༅༎རྒྱ་གཞུང་གིས་བོད་ཀྱི་བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་མི་༦༠༠༠སྐོར་ཞིག་འབྲོག་ས་ནས་གཏན་འཇགས་སྡོད་ཁང་ཁག་ནང་སྤོ་ཤུགས་བྱས་སྐོར་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་ཡོད་པ་རེད་ རྒྱ་གཞུང་གིས་བོད་ཀྱི་དྲ་གནས་ཞེས་པའི་ནང་ཕྱི་ལོ་༢༠༠༩དང་ཕྱི་ལོ་༢༠༡༠ལོའི་ནང་བོད་ཀྱི་བདེ་ཆེན་རང་སྐྱོང་ས་ཁུལ་གྱི་ཤང་རི་ལ་ཞེས་འབོད་པའི་ནང་བོད་མི་སྡོད་ཡུལ་ཁང་ཁུངས་༢༡༣༥རྒྱབ་ཡོད་སྐོར་གནས་ཚུལ་བཏོན་ཡོད་པ་རེད་ གོང་ཞུས་ནང་མི་༡༣༠༠ཡོད་པའི་བོད་མི་ ༦༠༠༠དེ་དག་སྤོ་ཤུགས་བྱེད་རྒྱུའི་འཆར་གཞི་དེར་དངུལ་རྒྱ་མིའི་མི་མང་ཤོག་སྒོར་ས་ཡ་༡༢ཙམ་ཞིག་འགྲོ་གྲོན་བཏང་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་
གོང་ཞུས་རྒྱ་གཞུང་གིས་བོད་ཀྱི་བདེ་ཆེན་རང་སྐྱོང་ས་ཁུལ་གྱི་ཤང་རི་ལ་ཞེས་འབོད་པའི་ས་ཁུལ་དེ་རྒྱལ་ཐང་རྫོང་ས་ཁུལ་ཆགས་ཀྱི་ཡོད་པ་རེད་རྒྱ་གཞུང་གིས་ཕྱི་ལོ་༢༠༠༦ལོར་ལོ་ངོ་ལྔའི་རིང་གི་འཆར་གཞི་བཀོད་སྒྲིག་ནང་ཕྱི་ལོ་༢༠༡༠ཚུན་བོད་ནང་གི་ཞིང་འབྲོག་བོད་མི་བརྒྱ་ཆ་༨༠ཐམ་པ་གཏན་འཇགས་སྡོད་ཁང་ཁག་ནང་སྤོ་ཤུགས་བྱེད་ཟིན་པ་བྱེད་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ཡོད་པ་རེད་ བོད་དོན་ཉན་ཞིབ་གནང་མཁན་དང་རྒྱ་ནག་དང་ཕྱི་རྒྱལ་གྱི་འཁོར་ཡུག་ཐོག་མཁས་པ་རྣམས་ཀྱིས་གོང་ཞུས་བོད་མི་ཞིང་འབྲོག་རྣམས་སྤོ་ཤུགས་བྱས་པའི་ལས་འཆར་དེས་བོད་མི་དེ་དག་གི་དཔལ་འབྱོར་གནས་བབ་ཐོག་དོ་ཕོག་དང་ནང་མི་ཁ་བྲལ་དེ་བཞིན་ཞིང་འབྲོག་གི་ས་ཉམས་ཆགས་འགྲོ་རྒྱུ་ཡིན་སྐོར་སྐྱོན་བརྗོད་གནང་གི་ཡོད་པ་རེད་
རྒྱ་ནག་གི་བོད་ཀྱི་ཞིང་འབྲོག་མི་མང་རྣམས་རང་གི་ཕ་མེས་ཀྱི་སྡོད་ཡུལ་ནས་གྲོང་སྡེ་ཁག་ནང་བཙན་དབང་ཐོག་སྤོ་ཤུགས་བྱེད་རྒྱུ་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་གཞན་ཡང་བོད་མི་ཡོད་པའི་རྒྱ་ནག་གི་ས་ཁུངས་སུ་བཅུག་པའི་ཟི་ཁྲོན་དང་ཀན་སུ་ ཡུ་ནན་དང་ཆིང་ཧའི་བཅས་པའི་མངའ་ཁུལ་ནང་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་རེད་ བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་གོང་ཞུས་རྒྱ་གཞུང་གིས་བོད་མི་རྣམས་རང་ས་གནས་གཞིས་སྤོས་བྱེད་རྒྱུའི་སྲིད་བྱུས་དེ་བོད་མིའི་ཐོག་སྲིད་དོན་གྱི་བཏང་འཛིན་དེ་དེ་བས་ནན་དུ་གཏོང་རྒྱུའི་སྲིད་བྱུས་ཤིག་ཀྱང་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་རེད་