རྒྱ་གར་གཞུང་གི་དྲ་གནས་ནང་རྒྱ་མིས་སིམ་འཛུལ་བྱས་ལུགས།
2010.01.19
༄༅༎རྒྱ་གར་གཞུང་གི་ཀམ་པུ་ཀྲར་ནང་རྒྱ་མིས་སིམ་འཛུལ་བྱས་པའི་ཉེས་འཛུགས་དེར་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད་ རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་(Manmohan Singh)མཆོག་གི་ལས་ཁུངས་ཀྱིས་རྒྱ་གར་གཞུང་གི་ཀམ་པུ་ཀྲར་ཁག་ནང་རྒྱ་མིས་སིམ་འཛུལ་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་ཡང་ཀམ་པུ་ཀྲར་དེ་དག་ནས་གནས་ཚུལ་གང་ཡང་རྐུ་འཁྱེར་བྱེད་ཐུབ་པ་བྱུང་མེད་སྐོར་གསུང་འདུག
རྒྱ་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་ཀྲའོ་ཤུ་(Ma Zhaoxu)ཡིས་གོང་ཞུས་རྒྱ་ནག་ལ་ཉེས་འཛུགས་དེ་གཞི་གཏན་རྩ་བ་མེད་པ་ཞིག་ཡིན་པ་དང་དེ་ལས་ལྡོག་སྟེ་རྒྱ་ནག་རང་ཉིད་ཀྱི་ཀམ་པུ་ཀྲར་ཁག་ལ་ཕྱི་ནས་སིམ་འཛུལ་བྱས་པའི་གནས་ཚུལ་བྱུང་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ ཡང་ཁོང་གིས་རྒྱ་གཞུང་ནི་ཀམ་པུ་ཀྲར་ནང་སིམ་འཛུལ་བྱེད་མཁན་ཐོག་ངོ་རྒོལ་ཤུགས་ཆེ་བྱེད་མཁན་ཞིག་དང་གནས་ཚུལ་དེ་དག་ཐོག་ཁྲིམས་ཐོག་ལག་བསྟར་བྱེད་མཁན་ཞིག་ཡིན་སྐོར་བརྫོད་འདུག རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཨེམ་ཀེ་ན་ར་ཡན་(M.K. Narayanan)ཡིས་དབྱིན་ཇིའི་ལོན་ཌོན་དུས་བབ་(The Times of London)ཅེས་པའི་གསར་ཤོག་གི་བཅར་འདྲིར་ཁོང་གི་ལས་ཁུངས་དང་རྒྱ་གར་གཞུང་གི་ལས་ཁུངས་གཞན་ཁག་གི་ཀམ་པུ་ཀྲར་ལ་དྲ་རྒྱའི་ཐོག་གནས་འཕྲིན་བཏང་ནས་ཀམ་པུ་ཀྲར་གྱི་ནད་འབུ་བཏང་བའི་གནས་ཚུལ་བྱུང་ཡོད་སྐོར་གསུང་ཡོད་པ་རེད་ ཁོང་གིས་རྒྱ་གར་གཞུང་གི་ཀམ་པུ་ཀྲར་ནང་སིམ་འཛུལ་གྱི་གནས་ཚུལ་དེ་ཐེངས་དང་པོ་མིན་ཅིང་མི་མང་པོ་ཞིག་གིས་དེ་རྒྱ་མིས་བྱེད་ཀྱི་ཡོད་པ་གསལ་པོ་རེད་ ཡིན་ནའང་གནས་ཚུལ་འདི་རིགས་ཐོག་གཏན་གཏན་ཅིག་བརྫོད་དཀའ་བའི་རང་བཞིན་ཞིག་ཡིན་སྐོར་གསུང་འདུག རྒྱ་གར་གཞུང་གི་ཀམ་པུ་ཀྲར་ཁག་ལ་རྒྱ་ནག་ནས་སིམ་འཛུམ་བྱས་པའི་གནས་ཚུལ་དེ་ཉེ་ལམ་ཨ་རིའི་ཀམ་པུ་ཀྲར་དྲ་རྒྱའི་ཁེ་གཉེར་ལས་ཁང་གུའུ་གལ་(Google)གྱི་ཀམ་པུ་ཀྲར་ནང་རྒྱ་མིས་སིམ་འཛུལ་བྱས་པའི་དཀའ་རྙོག་བྱུང་བའི་གནས་ཚུལ་དང་དུས་མཉམ་བྱུང་ཡོད་པ་རེད་