རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་ངོས་ལེན་བྱས་མི་འདུག
2008.10.25
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་རྩུབ་མནར་གཅོད་འགོག་ཐབས་ཀྱི་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་བོད་ནང་འདི་ལོའི་ཕྱི་ཟླ་གསུམ་པའི་ངོ་རྒོལ་དུས་ཟིང་གི་གནས་ཚལ་བྱུང་རྗེས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་པ་ཚོའི་མིང་ཐོ་ཚོགས་ཆུང་དུ་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་འགྱང་མེད་འབུལ་ཟིན་པ་དགོས་རྒྱུའི་རེ་འདུན་ཞིག་བཏོན་གནང་ཡོད་ན་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་དགུ་པའི་ཚེས་བརྒྱད་ཉིན་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེར་ཡིག་ལན་ཞིག་ཕུལ་ཡོད་པ་དེའི་ནང་བཙོན་པའི་མིང་ཐོ་གཅིག་ཀྱང་ཕུལ་མེད་པའི་ཁར་ད་དུང་བོད་མི་འཛིན་བཟུང་བྱས་པ་ངོས་ལེན་ཡང་བྱས་མེད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་རྩུབ་མནར་གཅོད་འགོག་ཐབས་ཆེད་ཀྱི་ཚོགས་ཆུང་དེའི་ལས་འགན་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཡུལ་གྲུ་ཁག་གི་ནང་བཙོན་པའམ་དེ་མིན་མི་སེར་གྱི་ཐོག་སྡུག་རྩུབ་མནར་གཅོད་ཀྱི་ཁྲིམས་གཅོད་ལག་བསྟར་བྱེད་མིན་ཞིབ་རྟོག་བྱ་རྒྱུ་དང་དེ་རིགས་འགོག་ཐབས་གནང་རྒྱུ་དེ་ཡིན་པ་རེད།
སུད་སིའི་གྲོང་ཁྱེར་ཇི་ནི་ལྦ་ནས་ཕ་ཡུལ་དྲ་གནས་ཀྱི་རྒྱལ་ཚོགས་ཀྱི་གསར་འགོད་པ་དྲག་དམག་བརྒྱ་དཔོན་ངག་དབང་ཆོས་འཕེལ་ལགས་ཀྱིས་གནས་ཚུལ་སྤེལ་བ་དེའི་ནང་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་༢༠༠༨ལོའི་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་དང་དེའི་ཉེ་འདབས་སུ་ཆགས་པའི་ཀན་སུ་དང་ཟི་ཁྲོན།མཚོ་སྔོན་ཞིང་ཆེན་ལ་སོགས་པའི་ནང་ངོ་རྒོལ་བྱུང་རྗེས་ས་ཁུལ་དེ་དག་ནས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་པ་ནི་ཡོངས་གྲགས་ཅན་གྱི་གནས་ཚུལ་ཞིག་ཡིན་པ་རེད་ཅེས་འཁོད་ཡོད་པ་དང་རྒྱ་ནག་གཞུང་གི་ཡིག་ལན་ནང་༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ནང་གི་གནས་ཚུལ་དེ་ནི་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་ཟེར་བ་དེ་འདྲ་མ་ཡིན་ལ་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་པའི་གནས་ཚུལ་རིགས་རྩ་བ་ནས་བྱུང་མེད་ལུགས་ལན་འདེབས་བྱས་ཡོད་འདུག
རྒྱ་ནག་གཞུང་གི་ལན་འདེབས་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དྲ་གནས་ཐོག་བཀོད་སྤེལ་ཡོད་འདུག་ལ་དེའི་ནང་རྒྱ་ནག་གཞུང་གིས་༢༠༠༨ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་གི་ཁྲིམས་དོན་ལས་ཁང་གིས་མི་དགུ་བརྒྱ་ལྔ་ཅུ་ང་གསུམ་འཛིན་བཟུང་བྱས་ཡོད་པ་རེད་ཅེས་དང་དེ་དག་གི་ཁོངས་ནས་མི་གསུམ་བརྒྱ་དྲུག་ཅུ་རེ་གཉིས་དངས་བླངས་ཀྱི་ཐོག་ནས་ཉེན་རྟོག་པར་མགོ་སྒུར་བྱས་ཤིང་དེའི་ཁོངས་ནས་མི་བཞི་ཅུ་ཞེ་གཉིས་ལ་ནག་ཉེས་ཁྲིམས་བཅད་ཕོག་ཟིན་པ་དང་ཁྲིམས་འགལ་ཉེས་གསོག་པ་མི་བརྒྱ་དང་བཅུ་དྲུག་ལ་ད་དུང་ཁྲིམས་བཤེར་བྱེད་མུས་ཡིན་པ་བརྗོད་ཡོད་འདུག སྐུ་ཞབས་ངག་དབང་ཆོས་འཕེལ་ལགས་ཀྱིས་གསུངས་ན་རྒྱ་ནག་གཞུང་གིས་ཡིག་ལན་དེའི་ནང་བོད་རང་སྐྱོང་ལྗོངས་ནང་གི་གནས་ཚུལ་འགྲེལ་བཤད་བྱས་པ་ལས་རང་སྐྱོང་ལྗོངས་ཕྱི་ལོག་གི་ས་ཁུལ་ནས་བོད་མི་འཛིན་བཟུང་བྱས་པའི་སྐོར་གང་ཡང་བཀོད་མེད་པ་འགྲེལ་བརྗོད་གནང་འདུག