རྒྱ་ནག་གིས་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུའི་བཀའ་ཁྱབ་བཏང་འདུག
2016.10.21
ལོ་འགའ་ཤས་སྔོན་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མིའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱེད་པའི་གནས་ཚུལ་དང་གཅིག་མཚུངས་ད་སྐབས་རྒྱ་ནག་གིས་འབོད་པའི་ཤིན་ཅིང་ངམ་ཤར་ཏུར་ཀི་སི་ཐན་ཁྱོན་ཡོངས་སུ་ཕྱིར་བསྐྱོད་ལག་འཁྱེར་ས་གནས་ཉེན་རྟོག་ལས་ཁུངས་སུ་ཕྱིར་སློག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
ད་རེས་སྤྱི་ཟླ་༡༠པའི་ཚེས་༡༩ཉིན་ཞིན་ཅིང་གི་Shihezi(ཤིས་ཧེ་ཟིས་)ས་གནས་གྲོང་སྡེའི་ཉེན་རྟོག་ལས་ཁུངས་ནས་བཀའ་ཁྱབ་ཞིག་བཏང་ཡོད་པ་དེའི་ནང་། ཕྱིར་བསྐྱོད་ལག་འཁྱེར་རྣམས་ལོ་འཁོར་གྱི་བསྐྱར་ཞིབ་ཆེད་དུ་དེབ་བསྐྱེལ་བྱེད་སའི་རྫོང་གི་ཉེན་རྟོག་ལས་ཁུངས་དང་། ཡང་ན་Shihezi་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་ངེས་པར་དུ་བྱེད་དགོས་པ་དང་། ཕྱིར་བསྐྱོད་ལག་འཁྱེར་དེ་རྣམས་ཉེན་རྟོག་ལས་ཁུངས་ནས་ཉར་རྒྱུ་ཡིན་པ། གལ་སྲིད་བཀོད་ཁྱབ་དེ་ལག་ལེན་ཚུལ་བཞིན་དུ་མ་བྱས་ཚེ་དེའི་མཇུག་འབྲས་ཀྱི་འགན་ཁུར་དགོས་པ། རྒྱལ་ཁབ་ཕྱི་ལ་འགྲོ་མི་ཆོག་པ་བྱེད་རྒྱུ་ཡིན་པ་སོགས་འཁོད་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་འབྲེལ་ཡོད་ས་གནས་ཉེན་རྟོགས་ལས་ཁུངས་ཀྱི་འགག་སྒོའི་ཐོ་འགོད་ལས་ཁང་དུ་ཁ་པར་བརྒྱུད་དེ་འདྲི་རྩད་བྱས་སྐབས། ལས་བྱེད་པ་ཞིག་གིས་བཀའ་ཁྱབ་དེ་བཞིན་ཤིན་ཅིང་གི་ཡུ་གུར་རང་སྐྱོང་ས་ཁུལ་ཁྱོན་ཡོངས་སུ་བཏང་ཡོད་པ་ངོས་ལེན་བྱས་འདུག་ལ། ཕྱིར་བསྐྱོད་ལག་འཁྱེར་ལོ་རྗེས་མའི་སྤྱི་ཟླ་༢་པའི་ཚེས་༡༦་གོང་དུ་ཉེན་རྟོག་ལས་ཁུངས་སུ་ཕྱིར་སྤྲོད་དགོས་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག
ད་ལྟའི་ཡུ་གུར་མི་རིགས་ཚོར་འཕྲད་བཞིན་པའི་སྤྱིར་བསྐྱོད་ལག་འཁྱེར་ཀྱི་དཀའ་ངལ་དེ་བཞིན་གཅིག་མཚུངས་ཤིག་བོད་ནང་ཡང་འཕྲད་མྱོང་ཡོད་པ་རེད། དཔེར་ན་༢༠༡༢་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མིའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ཏེ་བོད་མི་རྣམས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཐུབ་པའི་བཀག་སྡོམ་བྱས་ཡོད་པ་དང་། ཡང་དེ་རྗེས་ཕྱི་ལོ་ ༢༠༡༤་ལོ་ནས་བཟུང་སྔར་ལས་ལྷག་པར་འགྲོ་བསྐྱོད་བཀག་སྡོམ་ཤུགས་ཆེ་རུ་བཏང་སྟེ། བོད་མི་རྣམས་ཆོས་ལུགས་བྱེད་སྒོ་དང་གནས་ཆེན་ཁག་ཏུ་མཆོད་འཇལ་ཆེད་བསྐྱོད་རྒྱུར་ཡང་བཀག་སྡོམ་བྱས་ཡོད། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསལ་སྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་རྒྱ་གཞུང་ནི་<<ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས>> ལ་མཚན་རྟགས་བཀོད་དེ་ངོས་འཛིན་བྱེད་མཁན་ཚོགས་མིའི་རྒྱལ་ཁབ་གྲས་ཀྱི་གཅིག་ཆགས་ཡོད་པའི་ངོས་ནས། སྤྱི་ཆིངས་དེའི་དོན་ཚན་༡༢་པའི་ནང་གསེས་ཚན་པ་༢་པའི་ནང་། སྤྱི་དམངས་མི་སུ་ཞིག་ཡིན་ཡང་སོ་སོའི་རྒྱལ་ཁོངས་ཚུད་པའི་རྒྱལ་ཁབ་གང་རུང་ནས་ཀྱང་ཁ་བྲལ་རྒྱུའི་རང་དབང་ཡོད་པ་གསལ་བོར་བཀོད་ཡོད། དེ་བཞིན་སྲིད་གཞུང་གི་ངོས་ནས་འགྲུལ་བསྐྱོད་ལ་བཀག་སྡོམ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱས་ཀྱི་ཡོད་པ་བརྗོད་འདུག།
གསར་འགོད་པ་ཚེ་དབང་ནོར་བུ།