༢༠༢༢ལོའི་པེ་ཅིང་ཨོ་ལོམ་པིག་རྩེད་འགྲན་སླེབས་ལ་ཉེ་བའི་སྐབས་ཕྱི་ཕྱོགས་ནས་རྒྱ་ནག་ནང་འགྲིམ་འགྲུལ་གྱི་སྒོ་མོ་ཕྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།

2021.09.04
༢༠༢༢ལོའི་པེ་ཅིང་ཨོ་ལོམ་པིག་རྩེད་འགྲན་སླེབས་ལ་ཉེ་བའི་སྐབས་ཕྱི་ཕྱོགས་ནས་རྒྱ་ནག་ནང་འགྲིམ་འགྲུལ་གྱི་སྒོ་མོ་ཕྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ། པེ་ཅིང་ཨོ་ལོམ་པིཀ་རྩེད་འགྲན་ལ་ངོ་རྒོལ།
ཨེ་ཨེཕ་པི།

ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་པའི་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་དམ་དྲག་གི་སྲིད་ཇུས་ལག་བསྟར་འོག་ཏོག་དབྱིབས་ནད་དུག་འགོས་ཁྱབ་རིམ་བཞིན་བཀག་སྡོམ་བྱུང་ཡོད་པ་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་ཕྱི་ཟླ་༩ཚེས་༤ཉིན་དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་ འདི་ལོའི་དཀྱིལ་མཚམས་སུ་རྒྱ་ནག་ཤར་ཕྱོགས་Nanjing གྲོང་ཁྱེར་གྱི་གནམ་ཐང་གི་ལས་མི་བརྒྱུད་དེ་ Delta variant འམ་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་དུག་དེ་འགོས་ཁྱབ་བྱུང་ནས་རིམ་བཞིན་གྲོང་ཁྱེར་དང་གྲོང་རྡལ་བཅུ་གྲངས་ལྷག་ནང་ནད་ཡམས་ཁྱབ་གདལ་སོང་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བཀག་སྡོམ་གྱི་ལས་དོན་ཚགས་ཚུད་ཇི་ཙམ་ཡོད་མིན་དེ་བློ་འཚབ་ཀྱི་རང་བཞིན་ཞིག་ཏུ་འགྱུར་ཡོད་པ་རེད། གནས་ཚུལ་ནང་གསལ་བར་ ༢༠༢༢ལོའི་ཕྱི་ཟླ་༢པའི་ནང་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་ལ་དོ་ཕོག་མི་ཡོང་བའི་ཆེད་རྒྱ་ནག་གཞུང་ནས་སྔོན་ཆད་ལྟར་རྒྱལ་ཡོངས་སུ་མི་མང་འདུ་འཛོམས་མི་ཆོག་པ་དང་ རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་དོགས་གཞི་ཡོད་པའི་མི་མང་དང་ གྲོང་ཁྱེར་ཁག་ནང་འགྲིམ་འགྲུལ་བཀག་སྡོམ་དང་ ཁྱིམ་སྡོད་བཀོད་ཁྱབ ལག་ཐོག་ཁ་པར་བརྒྱུད་ནད་འགོས་མིན་རྩད་ཞིབ་ལ་སོགས་པའི་དམ་དྲག་དང་ དངོས་གཞིའི་རྩེད་འགྲན་གྱི་སྐབས་སུ་རྩེད་འགྲན་ཚོགས་ཡུལ་གྲོང་ཁྱེར་ཁག་ནང་ སྣུམ་འཁོར་དང་མེ་འཁོར གནམ་ཐང་སོགས་ནས་མི་མང་འཛུལ་བཞུགས་ལ་བཏང་འཛིན་གྱི་སྒྲིག་གཞི་བཀོད་སྡོམ་གྱི་གྲ་སྒྲིག་བྱེད་བཞིན་ཡོད་འདུག ཆབས་ཅིག་རྩེད་འགྲན་སྐབས་རྩེད་ཐང་དུ་གཟིགས་མོ་བ་གང་མང་འབྱུང་ཐབས་ཀྱི་འབད་རྩོད་བྱེད་བཞིན་འདུག་ན དཔེར་ན་ པེ་ཅིང་དུ་གནས་བཞུགས་ཀེ་ན་འི་རྩེད་རིགས་གསར་འགོད་པ་Justin Downesཞུ་བས་གསུངས་ན། དགུན་དུས་ཀྱི་རྩེད་འགྲན་སྐབས་ཏོག་དབྱིབས་ནད་ཡམས་ལ་བཏང་འཛིན་བྱེད་ཕྱོགས་ཐད རྒྱ་ནག་གི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཉེ་སྔོན་མཇུག་སྒྲིལ་བའི་ཉི་ཧོང་ནང་དབྱར་དུས་ཨོ་ལོམ་པིཀ་རྩེད་འགྲན་ལ་དམིགས་དཔེ་བླངས་བཞིན་ཡོད་པ་རེད འོན་ཀྱང་གོང་གསལ་གསར་འགོད་པས་སྦི་སྦི་སི་གསར་ལས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་དོན་དུ དེ་སྔ་༢༠༠༨ལོའི་དབྱར་དུས་ཨོམ་ལོམ་པིཀ་དང་ འཆར་ལོའི་དགུན་དུས་ཀྱི་རྩེད་འགྲན་གོ་སྒྲིག་བྱེད་ཕྱོགས་ཐད་ཁྱད་པར་མང་པོ་ཡོད་པ་ནས་གཙོ་བོ་སྟེ གསར་འགོད་རང་དབང་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དགུན་དུས་ཀྱི་རྩེད་འགྲན་ཆེན་མོའི་སྐབས་དམ་དྲག་ཆེ་བ་ཡོང་རྒྱུ་ངེས་པའི་རྟག་ཚན་མང་པོ་ཡོད་ཅིང་ དེ་སྔོན་དབྱར་དུས་ཀྱི་རྩེད་འགྲན་སྐབས་རྒྱལ་ས་པེ་ཅིང་དུ་ངོ་རྒོལ་གྱི་འདུ་འཛོམས་ཆེད་དམིགས་བསལ་ས་ཚིགས་ཟུར་འཇོག་བྱས་ཡོད་ཀྱང་ དགུན་དུས་ཀྱི་རྩེད་འགྲན་སྐབས་དེ་འདྲའི་ས་ཚིགས་སྤྲོད་རྒྱུའི་བཀའ་ཁྲོལ་མེད་པ་དང་ དེ་བཞིན་༢༠༠༨ལོར་རྩེད་འགྲན་གྱི་མེ་ལྕེ་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་བསྐྱོད་སྐབས་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་གསར་འགྱུར་བཀོད་རྒྱུའི་གོ་སྐབས་བྱུང་ཡོད་རུང་ད་ཆ་དེ་འདྲའི་གོ་སྐབས་ཐོབ་རྒྱུ་མིན་པ་དང་ ལྷག་པར་དུ་དབྱར་དུས་ཀྱི་རྩེད་འགྲན་སྐབས་ཕྱི་ཕྱོགས་ནས་བོད་དོན་ལས་འགུལ་བའི་རྒྱལ་ས་པེ་ཅིང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་ཕྱོགས་མཚུངས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་ར་བརྟེན་འཆར་ལོའི་དགུན་དུས་ཀྱི་རྩེད་འགྲན་སྐབས་ཕྱི་ཕྱོགས་ནས་འགྲིམ་འགྲུལ་བའི་ཐོག་བཏང་འཛིན་དང་དམ་དྲག་ཆེན་པོ་བྱེད་ངེས་ཡིན་པ་གསུངས་གནང་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎