རྒྱ་ནག་གི་མཁའ་དམག་གནམ་གྲུའི་འགྲེམས་སྟོན།
རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༩ཚེས་༣༠རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ལྷོ་ཕྱོགས་ཀྱི་Zhuhai གྲོང་ཁྱེར་དུ་རྒྱ་ནག་བཅིངས་བཀྲོལ་དམག་གི་མཁའ་དམག་སྒྲིག་འཛུགས་ནས་ཞི་རྒྱ་ཆེ་བའི་རྒྱལ་ནང་མཁའ་དམག་གནམ་གྲུའི་འགྲེམས་སྟོན་བྱས་ཤིང་འགྲེམས་སྟོན་དེའི་ཐོག་ཕྱིའི་རྒྱལ་ཁབ་ཀྱི་འཕྲུལ་རིགས་མ་ཡིན་པར་རྒྱ་ནག་རང་ཉིད་ཀྱིས་བཟོས་པའི་འཕྲུལ་འཁོར་ལ་ཕྱི་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག སིན་ག་པོར་དུ་བཅའ་བཞུགས་Janes ཞེས་པའི་དམག་དོན་དུས་དེབ་ཀྱི་རྩོམ་བྲིས་པ་Kelvin Wong ཞུ་བས་གསུངས་ན། དུས་རྒྱུན་རྒྱ་ནག་བཅིངས་བགྲོལ་དམག་གི་གནམ་དམག་སྒྲིག་འཛུགས་ཀྱི་འཕྲུལ་ལས་སོགས་གསང་རྒྱ་ཆེན་པོ་བྱེད་དུ་ཡོད་རུང་། ད་རེས་མཁའ་དམག་གནམ་གྲུའི་འགྲེམས་སྟོན་དེའི་ཐོག་རྒྱ་ནག་རང་ངོས་ཀྱིས་བཟོས་པའི་WZ-7 Xianglong རྟགས་ཅན་གྱི་མི་མེད་གནམ་གྲུ་ལ་མཚོན་ན། ཨ་རིའི་ Northrop Grumman དམག་དོན་ཁེ་གཉེར་ལས་ཁང་གི་བཟོད་པའི་RQ-4 Global Hawk རྟགས་ཅན་གྱི་གནམ་དམག་གནམ་གྲུ་དང་འདྲ་མཚུངས་ཡིན་པ་གང་ཞིག་ལ་གནམ་གྲུའི་འཕྲུལ་འཁོར་ཆ་ཚང་རྒྱ་ནག་རང་གིས་བཟོས་པ་ཞིག་ཡིན་སྟབས་ཕྱི་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་གོང་གསལ་རྒྱ་ནག་གི་ WZ-7 Xianglong རྟགས་ཅན་གྱི་གནམ་གྲུ་དེ་བཞིན་ད་ཆ་རྒྱ་བོད་ས་མཚམས་ཀྱི་ཉེ་འཁྲིས་དང་དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བྱང་ཀོ་རི་ཡའི་ཉེ་འཁྲིས་སུ་ཚོད་ལྟའི་ཕུར་བསྐྱོད་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་གསུངས་འདུག གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གི་ཕྱིའི་འཕྲུལ་ལས་ལ་བརྟེན་མི་དགོས་པར་རྒྱལ་ནང་ནས་བཟོས་པའི་འཕྲུལ་འཁོར་གྱི་སྤུད་ཚད་ཡར་རྒྱས་གང་ཡོང་གཏོང་བཞིན་ཡོད་པ་དང་། ད་རེས་མཁའ་དབྱིངས་གནམ་གྲུའི་འགྲེམས་སྟོན་ནང་དཔེར་ན་ J-20 རྟགས་ཅན་གྱི་མཁའ་དམག་གནམ་གྲུ་དེ་བཞིན་དུས་རྒྱུན་ལྟར་མ་ཡིན་པར་རྒྱ་ནག་རང་གིས་བཟོས་པའི་འཕྲུལ་འཁོར་ལས་འཕུར་བསྐྱོད་ཐེངས་དང་པོ་བྱས་ཡོད་པ་རེད། Global Times ཞེས་པའི་རྒྱ་ནག་གི་དབྱིན་ཡིག་གསར་ཤོག་གི་གནས་ཚུལ་བཀོད་དོན་ལྟར་ན། ད་ཆ་རྒྱ་ནག་གི་Y-20 ཞེས་པའི་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དང་། ཡང་ J-16D རྟགས་ཅན་གྱི་གནམ་དམག་གནམ་གྲུ་གཉིས་ཨ་རིས་བཟོས་པའི་གནམ་གྲུ་དང་འདྲ་མཚུངས་ཡིན་པ་གང་ཞིག་ལ་རྒྱ་ནག་རང་ཉིད་ཀྱིས་བཟོས་པའི་འཁྲུལ་འཁོར་ལ་བརྟེན་པས་གནམ་གྲུ་ཚོད་ལྟ་བྱེད་བཞིན་ཡོད་པ་གསལ་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ།