ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཞི་རྒྱ་ཆེ་རུ་གཏང་རྒྱུ།
2016.09.18

༄༅༎རྒྱ་ནག་གཞུང་གིས་བོད་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཧ་ཅང་གི་གཞི་རྒྱ་ཆེན་རུ་གཏོང་རྒྱུའི་སྲིད་བྱུས་འཛིན་པར་དེ་ནི་རྒྱ་ཧན་མི་རིགས་བོད་ནང་གཞིས་སྤོས་དང་ཁོང་ཚོའི་ཁེ་ཕན་ཆེད་ཡིན་སྐོར་གསུང་མཁན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་བརྒྱད་པའི་ནང་བོད་ཀྱི་ལུ་ལངས་ཞེས་པའི་ས་གནས་དེར་ཧ་ཅང་གི་རིན་གོང་ཆེ་བའི་མགྲོན་ཁང་ཞིག་འགོ་འབྱེད་བྱས་པ་དེ་ནི་བོད་དེ་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་ས་ཡ་མང་པོ་ཡོང་སའི་ས་ཁུལ་ཞིག་བཟོ་རྒྱུའི་འཆར་གཞིའི་ཁུངས་གཅིག་ཡིན་པ་རེད། བོད་རང་སྐྱོང་ལྗོང་ཞེས་འབོད་པའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རྒྱ་རིགས་ Wang Songping ཡིས་མ་འོངས་པའི་ལོ་ངོ་བཞིའི་ནང་བོད་ནང་ཡུལ་སྐོར་སྤྲོ་འཆམ་གྱི་མི་འབོར་དེ་བརྒྱ་ཆ་ལྔ་བཅུ་ཐམས་པས་མང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་ཕྱི་ལོ་ ༢༠༠༥ ལོར་བོད་ནང་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བཞི་བྱུང་ཡོད་སྐོར་དང་ལོ་འདིའི་ནང་གི་གྲངས་འབོར་དེ་ས་ཡ་ ༢༤ དང་ཕྱི་ལོ་༢༠༢༠ ལོར་ས་ཡ་ ༣༥ ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཡིན་ནའང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་མཁན་རྣམས་ཀྱིས་བོད་ནང་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་གི་མང་དུ་ཕྱིན་པ་དེས་རྒྱ་མི་མང་པོ་བོད་ནང་གཏན་སྡོད་བྱེད་པ་ཙམ་མ་ཟད་བོད་མིའི་མི་ཚེ་བསྐྱེལ་སྟངས་ཐོག་དོ་ཕོག་དང་ཡུལ་སྐོར་སྤྲོ་འཆམ་ཐོག་ནས་དཔལ་འབྱོར་གྱི་ཁེ་ཕན་དེ་དག་རྒྱ་མི་རིགས་ལ་
ཐོབ་ཀྱི་ཡོད་སྐོར་གསུངས་མཁན་ཡོད་པ་རེད། དེ་མ་ཟད་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་ཕྱོགས་ཐོག་དྲག་གནོན་དང་བོད་མིའི་རིག་གཞུང་ཉམ་ཉེས་བཏང་བ། གཏེར་ཁ་གང་བྱུང་སྔོག་འདོན་གྱིས་འཁོར་ཡུག་ལ་གནོད་འཚབ་བཏང་བ་མ་ཟད་དེ་དག་གི་ཁེ་ཕན་ཁག་རྒྱ་ཧན་མི་རིགས་ལ་ཐོབ་པ་ལས་བོད་མིར་ཐོབ་ཀྱི་མེད་པའི་སྐྱོན་བརྗོད་གནང་མཁན་ཡོད་པའི་གནས་ཚུལ་ཐོན་འདུག།གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།