རྒྱ་ནག་ནང་ཕྲུ་གུའི་སྔོན་འགོག་སྨན་ཁབ་སྤུས་ཚད་མ་ལོན་པར་ངོ་རྒོལ།
2018.07.30
རྒྱ་ནག་ནང་ཕྲུ་གུའི་སྔོན་འགོག་སྨན་ཁབ་སྤུས་ཚད་མ་ལོན་པ་ཁྲོམ་རྭར་ཐོན་པའི་གནད་དོན་ཐད་ཕ་མ་ཚོས་ངོ་རྒོལ་བྱས་ཡོད་འདུག
ཉེ་ཆར་རྒྱ་ནག་ནང་ནད་སྔོན་འགོག་གི་སྨན་ཁབ་སྤུས་ཚད་ཞེན་པོ་ཚོང་བསྒྱུར་བྱས་པའི་དཀའ་རྙོག་ཐད་མང་ཚོགས་ཁྲོད་སེམས་འཚབ་དང་འཇིགས་སྣང་ཆེན་པོ་བྱུང་ཞིང་། ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གཞུང་གི་འཕྲོད་བསྟེན་ལྷན་ཁང་དུ་མི་གྲངས་བཅུ་གྲངས་ཤིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག
འདས་པའི་གཟའ་འཁོར་འགའ་ཤས་རིང་རྒྱ་ནག་ནང་ཁྱི་སྨྱོན་གྱི་ནད་སྔོན་འགོག་ཆེད་ཀྱི་སྨན་ཁབ་རྫུན་མ་ཁྲོམས་རྭའི་ནང་ཐོན་སྟེ་མང་ཚོགས་ཁྲོད་རྒྱ་ནག་ནང་བཟོས་པའི་སྨན་ཁབ་རིགས་དོགས་པ་བྱེད་དགོས་པའི་རང་བཞིན་ཆེ་ཇེར་སོང་ཞིང་། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀས་སྨན་ཁབ་རྫུན་བཟོ་བྱ་མཁན་ཚོར་ཉེས་ཁྲིམས་གཏོང་རྒྱུའི་ཉེན་བརྡ་བཏང་པ་ལྟར། ཁྱི་སྨྱོན་ནད་སྔོན་འགོག་གི་སྨན་ཁབ་བཟོ་མཁན་མི་གྲངས་བཅོ་ལྔ་ཙམ་འཛིན་བཟུང་བྱས་ཡོད་པ་རེད།
རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་འདིའི་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་ལས་ཁུངས་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ལག་ཏུ་འཕྲེད་དར་འཁྱེར་བ་དེའི་ཐོག། སྔོན་འགོག་སྨན་ཁབ་ཐད་ཁྲིམས་ལུགས་གྲོས་ཆོད་ནི་དགོས་ངེས་ཅན་རེད། འོས་ཤིང་མཚམས་ལ་འགན་འཁུར་ལྡན་པའི་ལས་དོན་སྤེལ་དགོས་པ་སོགས་འཁོད་ཡོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་རྒྱ་ནག་དབུས་གཞུང་གི་ལས་ཁུངས་ཁག་གི་མདུན་མི་དམངས་འདུ་འཛོམས་ཀྱི་ལས་འགུལ་རིགས་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།