རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་རྒྱག་འཆར་དེར་རྒྱ་གར་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་ལན་འདེབས་གནང་འདུག

2025.02.14
རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་རྒྱག་འཆར་དེར་རྒྱ་གར་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་ལན་འདེབས་གནང་འདུག རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་ཆུ་རགས།
AP

རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་རྒྱག་འཆར་ཡོད་པའི་གནད་དོན་དང་འབྲེལ། འདི་ཚེས་ ༡༣ རེས་གཟའ་ཕུར་བུ་ཉིན། རྒྱ་གར་ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སུཤ་མི་ཏ་དེ་བ་ (Sushmita Dev) ལགས་ཀྱིས། རྒྱ་གར་ནི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱ་གར་གཞུང་ངོས་ནས་ད་ཆ་རྒྱ་ནག་གི་ཡར་ཀླུང་གཙང་པོའི་ཐོག་གི་འཛུགས་སྐྲུན་དེ་དག་གིས། སྐྱེས་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་ཐད་དཔྱད་ཞིབ་བྱ་འགོ་བཙུགས་ཡོད་མིན་དང་། གཙང་པོ་དེ་ལ་བརྟེན་ནས་འཚོ་གནས་བྱེད་མཁན་རྣམས་ཀྱི་འཚོ་བར་དོ་ཕོག་མི་འབྱུང་བའི་ཐབས་ལམ་ཅི་དགེ་སོགས་ཀྱི་སྐོར། རྒྱ་གར་གྲོས་ཚོགས་གོང་མའི་ནང་དྲི་བ་བཏོན་པར། རྒྱ་གར་གཞུང་གིས་ (Brahmaputra) ཡར་ཀླུང་གཙང་པོའི་ཆུ་རགས་དང་འབྲེལ་བའི་གནད་དོན་ཆ་ཚང་ལ་ཟབ་ནན་གྱིས་བལྟ་ཞིབ་བྱེད་བཞིན་པ་དང་། རྒྱ་གར་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད། དགོས་ངེས་ཅན་གྱི་བྱ་སྤྱོད་ཅི་ཞིག་སྤེལ་དགོས་ཀྱང་གྲ་སྒྲིག་དང་ལག་བསྟར་གནང་ངེས་ཡིན་ཞེས། རྒྱ་གར་གྱི་ཁོར་ཡུག་ནགས་ཚལ་དང་གནམ་གཤིས་འགྱུར་ལྡོག་གི་བློན་ཆེན་སྐུ་ཞབས་ཀིར་ཏི་ཝར་དན་སིངྒ་ (Kirti Vardhan Singh) ལགས་ཀྱིས་ལན་འདེབས་གནང་འདུག

དེ་ཡང་སྐུ་ཞབས་ཀིར་ཏི་ཝར་དན་སིངྒ་ལགས་ནས་ཡིག་ཐོག་ཏུ་ལན་འདེབས་གནང་བའི་ནང་། རྒྱ་ནག་གི་ཆུ་རགས་ལས་གཞིའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་བཅས་ལ་འབྱུང་སྲིད་པའི་ཉེན་ཁའི་རིགས་ཀྱི་འགྱུར་བར་གདོང་ལེན་བྱེད་པར་འཐབ་ཇུས་འཆར་འགོད་ཆེད། རྒྱ་གར་བྱང་ཤར་ཁུལ་གྱི་ཡར་ཀླུང་གཙང་པོའི་འབབ་རྒྱུན་སྟེང་། ཆུ་རགས་སོགས་འཛུགས་སྐྲུན་ལས་འཆར་འདྲ་མིན་གྱིས་སྤྱི་ཡོངས་ཀྱི་ཆ་ནས་གཙང་པོ་འབབ་རྒྱུད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་དང་། གཙང་ཆུའི་ཐོག་འོས་འཚམ་གྱི་འཛུགས་སྐྲུན་ལས་གཞིའི་ཚད་སོགས་སྔོན་དཔག་ཞིབ་འཇུག་གནང་གྲུབ་ཡོད་ཅེས་གསུངས་འདུག་ཅིང་། གནད་དོན་དེའི་ཐད་ཕྱི་འབྲེལ་གྱི་བརྒྱུད་ལམ་ཁག་དང་ ༢༠༠༦ ལོ་ནས་ཚུགས་པའི་ཆེད་མཁས་པའི་ལྷན་ཚོགས་ཀྱི་འབྲེལ་ལམ་བརྒྱུད། ས་མཚམས་བརྒལ་བའི་གཙང་ཆུའི་གནས་ཚུལ་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གྲོས་མོལ་བྱས་ཡོད་ལ། རྒྱ་གར་ནི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་མར་གཤམ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སེམས་འཚབ་འགའ་ཡོད་པ་རྣམས་རྒྱ་ནག་གཞུང་གིས་དོ་སྣང་བྱ་དགོས་པའི་གཞུང་འབྲེལ་གྱི་བརྡ་ལན་སྤྲད་ཡོད་པ་མ་ཟད། གཙང་པོའི་ཆུ་རྒྱུན་མར་འབབ་ཡུལ་གྱི་རྒྱལ་ཁབ་ཡིན་པའི་ངོས་ནས་ཐོབ་ཐང་ཡང་གང་ཙམ་ཞིག་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག

བོད་ཀྱི་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་པོ་མར་གཤམ་དུ་བབས་ཏེ་རྒྱལ་ཁབ་གཞན་གྱི་ནང་འབབ་ཡུལ་ཁེལ་བའི་རྒྱ་གར་དང་བྷང་ལ་དྷེཤ་སོགས་ཀྱིས། བློ་འཚབ་ཀྱི་གཞིར་གྱུར་བའི་རྒྱ་ནག་གི་ཆུ་རགས་དེ་ནི། རྒྱ་ནག་གཞུང་གིས་དེ་སྔ་འབྲི་ཆུའི་བཞུར་རྒྱུན་དུ་བསྐྲུན་པའི་འགག་གསུམ་ཆུ་རགས་ (Three Gorges Dam) ཞེས་ད་ལྟའི་ཆར་འཛམ་གླིང་གི་ཆུ་གློག་ས་ཚིགས་ཆེ་ཤོས་ཡིན་པ་དེ་ལས་ལྡབ་གསུམ་གྱིས་ཆེ་བ་ཞིག་རྒྱག་འཆར་ཡོད་པ་དང་། ཆུ་རགས་དེ་རྒྱག་རྒྱུར་ཨ་སྒོར་ཐེར་འབུམ་ ༡༣༧ ལྷག་གི་འགྲོ་གྲོན་གཏོང་འཆར་ཡོད་པའི་ཁར། ཆུ་རགས་དེས་གློག་ཤུགས་ཀེ་ལོ་ཝཌ་ཐེར་འབུམ་ཙམ་ ༣༠༠ (KwH) ཞིག་མཁོ་འདོན་གནང་ཐུབ་པར་ཡོངས་བསྒྲགས་བྱས་འདུག

ཉིན་ཤས་སྔོན་ནས་རྒྱ་གར་གྲོས་ཚོགས་འོག་མའི་ནང་ལོ་འཁོར་སྔོན་རྩིས་ཀྱི་སྐོར་གྲོས་ཚོགས་ལས་རིམ་འགྲོ་བཞིན་པ་དང་བསྟུན། ཨ་སམ་གྱི་ (Darrang-Udalguri) ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་རྡི་ལིཔ་སཨི་ཀིཨ་ (Dilip Saikia) ལགས་ཀྱིས་ཀྱང་རྒྱ་ནག་གི་ཆུ་རགས་འཛུགས་བསྐྲུན་དེས། གཙང་པོ་འབབ་ཡུལ་མར་གཤམ་གྱི་རྒྱལ་ཁབ་ཁག་ནང་གནོད་སྐྱོན་ཚབས་ཆེན་ཕོག་རྒྱུ་ཡིན་པའི་བློ་འཚབ་བསྟན་གནང་འདུག

གསར་འགོད་པ། བློ་བྷེ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎