རྒྱ་ནག་ཁང་ཚོང་དཔྱ་ཁྲལ་གྱི་སྒྲིག་སྲོལ་གསར་པ་གཏན་འབེབས།
2011.02.04
༄༅༎རྒྱ་ནག་གཞུང་གིས་གྲོང་ཁྱེར་ཆེ་ཁག་གཉིས་ནང་དུ་ཁང་པ་སོགས་ཉོ་ཚོང་གི་དཔྱ་ཁྲལ་སྤར་ཆ་བྱས་པའི་སྒྲིག་སྲོལ་གསར་པ་གཏན་འབེབས་བྱས་པ་དེ་ཡིས་ཕྱོགས་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་ཐོག་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད།
གཟའ་འཁོར་སྔོན་དེར་རྒྱ་ནག་གི་ཚོང་ལས་གྲོང་ཁྱེར་ཧྲང་ཧད་དང་ལྷོ་ནུབ་ཀྲོང་ཆིང་གྲོང་ཁྱེར་གཉིས་ཀྱིས་ཁང་པ་ཉོ་ཚོང་གི་དཔྱ་ཁྲལ་གྱི་སྒྲིག་གཞི་གསར་པ་གསལ་བསྒྲགས་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་ཁང་པའི་རིན་གོང་མཐོ་རུ་འགྲོ་བའི་དཀའ་ངལ་སེལ་ཐབས་ཀྱི་སྲིད་ཇུས་འཛིན་པ་ཞིག་ཡིན་ཞིང༌། ད་ལྟ་བར་དུ་རིན་གོང་ཧ་ཅང་གི་མཐོ་བའི་ཁང་པ་གསར་པ་ཉོ་ཚོང་བྱེད་མཁན་ཚོར་དཔྱ་ཁྲལ་འཇལ་དགོས་པ་མ་ཟད། གཙོ་བོ་ནི་ཚོང་ལས་ཀྱི་དམིགས་ཡུལ་འཛིན་ཏེ་དཔལ་འབྱོར་བཟོ་སྐྲུན་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་ཚོས་འཇལ་དགོས་ཀྱི་ཡོད་པ་ཚོར་དཀའ་ངལ་གསར་པ་ཡིན་པར་ངོས་འཛིན་བྱེད་པ་དང༌། ཡིན་ནའང་དཔེར་ན་གྲོང་ཁྱེར་ཧྲང་ཧད་ལྟ་བུའི་ནང་མི་གང་ཞིག་གིས་ཁང་པ་འགའ་ཤས་ཉོས་ཟིན་པ་དང༌། ཁང་པའི་ཚོང་ལས་རྒྱུག་པོ་ཡོད་མཁན་ཚོར་དཔྱ་ཁྲལ་གྱི་སྒྲིག་གཞི་གསར་པ་དེས་ཕན་གནོད་གང་ཡང་ཡོང་རྒྱུ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཚོང་ལས་གྲོང་ཁྱེར་ཧྲང་ཧད་དང་ཀྲོང་ཆིང་གཉིས་ནང་དུ་མི་དམངས་ས་ཡ་༢༠ལྷག་གནས་སྡོད་བྱེད་པ་དང༌། གྲོང་ཁྱེར་དེ་གཉིས་ནི། རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཉེ་བའི་འགའ་ཤས་ནང་ཁང་པའི་རིན་གོང་ཧ་ཅང་གི་མཐོ་རུ་ཕྱིན་པའི་ཁར་ཟ་བཅའི་རིན་གོང་དང༌། དེ་བཞིན་ཁྱིམ་ཚང་གློག་དང་ཆུ་རིན་སོགས་རྒྱུན་མཁོའི་དགོས་ངེས་རྣམས་རིན་གོང་ཡང་མཐོ་རུ་ཕྱིན་ཏེ་ཁྱིམ་ཚང་གི་སྔོན་རྩིས་དཀའ་ངལ་གྱི་འཁུར་པོ་ལྗིད་དུ་ཕྱིན་པ་རེད། དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཐོག་ལ་བཀོད་པར་གཞིགས་ན། གྲོང་ཁྱེར་ཧྲང་ཧད་ནང་དུ་ན་ནིང་ཕྱི་ཟླ་༡༢པའི་ནང་ཁང་པར་མི་ཀྲར་གྲུ་བཞི་མ་རེ་རེར་རྒྱ་མིའི་སྒོར་མོ་ཉིས་ཁྲི་བཞི་སྟོང་བརྒྱ་དང་བདུན་ཅུ་དོན་དྲུག་བར་མཐོ་རུ་ཕྱིན་ཏེ། ན་ནིང་ཕྱི་ཟླ་༡༡ལས་བརྒྱ་ཆ་༧དང་གྲངས་ཆུ་དྲུག་གི་མང་བ་འཕར་ཡོད་པ་དང༌། དེ་ནི་ན་ནིང་ཕྱི་ཟླ་དང་པོ་ནས་བརྒྱ་ཆ་༢༡བར་མཐོ་རུ་ཕྱིན་པའི་གནས་སྟངས་ལས་རྒྱ་ནག་གཞུང་གིས་ཁང་པའི་ཁྲོམ་རའི་ཐོག་དོ་དམ་གྱི་སྲིད་ཇུས་ལག་བསྟར་བྱེད་མིན་ལ་མ་ལྟོས་པར་ཁང་པའི་ཁྲོམ་རའི་གནད་དོན་དེ་ནི་རྒྱ་ནག་གི་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ཡིན་པ་རེད།