རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་རྒྱ་ནག་གཞུང་གི་འདོད་མོས་བཞིན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༩ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཟེར་བའི་གོ་སྒྲིག་འོག རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལྔ་ལྷག་མཉམ་འབྲེལ་ངང་། བོད་ལྗོངས་ཀྱི་ལེའུ་ཞེས་པའི་བརྗོད་གཞིའི་འོག་ནས་རླངས་འཁོར་དུ་བསྡད་དེ། བརྙན་ལམ་བརྒྱུད་བོད་ནང་གི་རང་བྱུང་ཁམས་ལ་ལྟ་སྐོར་དང་འབྲེལ་དྲིལ་བསྒྲགས་རང་བཞིན་གྱི་ལས་འགུལ་ཞིག་འགོ་བརྩམས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བཤད་བཞིན་པའི་བོད་སྐོར་གྱི་གནས་ཚུལ་དག་རྫུན་དང་འཁྱོག་བཤད་ཁོ་ན་ཆགས་ཀྱི་ཡོད་པ་མངོན་གསལ་ཡིན་སྟབས། རྒྱ་ནག་གཞུང་གིས་ཆེད་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་དྲིལ་བསྒྲགས་ཆེད། གསར་ཁང་དང་ལས་ཁུངས་མང་དག་ཅིག་མཉམ་རུབ་ཀྱིས་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིར་ལས་འགུལ་དེའི་བརྒྱུད། ཉིན་གྲངས་༡༤ རིང་ཐད་གཏོང་དང་བརྙན་ལམ་གྱི་ལེ་ཚན་དང་འབྲེལ། བོད་ནང་གི་ཡུལ་སྐོར་ལ་བསྐྱོད་པའི་ལམ་ཐིག་ངོ་སྤྲོད་དང་། བོད་ནང་གི་རང་བྱུང་མཛེས་ལྗོངས། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཀྱི་མཛེས་པ་སོགས་ངོ་སྤྲོད་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་པ་དང་། ཡང་ཟླ་བ་ཚེ་རིང་ལགས་ནས། རྒྱ་གར་ནང་བོད་ཀྱི་ནང་ཆོས་སྐོར་བགྲོ་གླེང་དང་འདུ་འཛོམས་སོགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དེར་རྒྱ་ནག་གཞུང་ལ་ཞེད་སྣང་ཆེན་པོ་ཡོང་གི་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འདོད་མོས་བཞིན་ངོ་སྤྲོད་བྱེད་ཐབས་ལ་འབད་བརྩོན་དང་། ཕྱོགས་གཅིག་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པས། བོད་ནང་གི་དཔལ་འབྱོར་གནས་བབས་ཉམ་རྒུད་མི་འགྲོ་ཆེད། བོད་ནང་རྒྱ་རིགས་ཡུལ་སྐོར་བ་མང་པོ་ཡོང་ཆེད་སོགས་ལ་དམིགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་བོད་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་དེའི་ཁྲོད་མཉམ་ཞུགས་བྱས་པའི་གསར་ཁང་དང་ལས་ཁུངས་ཁྲོད། རྒྱ་ནག་དབུས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བལྟ་ཉན་སྨྱན་སྦྱོར་གསར་པའི་ལྟེ་གནས། དབྱིན་ཡིག་ནང་ཡོད་པའི་(CGTN)། བོད་ལྗོངས་སྤྱི་ཁྱབ་ས་ཚིགས། པེ་ཅིན་སྤྱི་ཁྱབ་ས་ཚིགས། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཡོད་པ་དང་། གཙོ་བོ་ཡུལ་སྐོར་གྱི་རྣམ་པའི་ངོས་ནས་བོད་ནང་གི་ལྷ་ས་དང་། ཆབ་མདོ། གཞིས་ཀ་རྩེ། མངའ་རིས་སོགས་བརྒྱུད་རླངས་འཁོར་ལ་བསྡད་ནས་ཀྲུང་གོར་བལྟ། བོད་ལྗོངས་ཀྱི་ལེའུ་ཞེས་པའི་བརྗོད་གཞིའི་ངོས་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།