རྒྱ་ནག་དམར་ཤོག་གཞུང་གི་སྲིད་བློན་ཟུར་པ་ལིས་ཁེ་ཆང་གློ་བུར་དུ་སྙིང་ནད་ཕོག་སྟེ་འདས་གྲོངས་སུ་ཕྱིན།

2023.10.27
རྒྱ་ནག་དམར་ཤོག་གཞུང་གི་སྲིད་བློན་ཟུར་པ་ལིས་ཁེ་ཆང་གློ་བུར་དུ་སྙིང་ནད་ཕོག་སྟེ་འདས་གྲོངས་སུ་ཕྱིན། རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ལིས་ཁེ་ཆང་གི་པར་རིས། ཕྱི་ལོ་ ༢༠༡༧ ལོར།
Reuters File Photo

དགུང་ལོ་༦༨ཡིན་པའི་རྒྱ་ནག་གཞུང་གི་སྲིད་བློན་ཟུར་པ་ལིས་ཁེ་ཆང་(Li Keqiang)གློ་བུར་དུ་སྙིང་ནད་ཕོག་སྟེ་ཕྱི་ཟླ་ ༡༠ པའི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་འདས་གྲོངས་སུ་ཕྱིན་འདུག་ཅིང་། དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁོང་རྒྱ་ནག་དམར་ཤོག་གཞུང་གིས་སྲིད་བློན་དུ་བསྐོ་བཞག་གནང་བ་ནས་བཟུང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་༣ པའི་བར་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་གཉིས་པའི་ལས་འགན་བསྒྲུབས་ཡོད་པ་རེད།  ཁོང་ནི་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་ལོ་རྒྱུས་ཀྱི་ནག་ཉེས་ཅན་གྱི་རྒྱ་ནག་གི་དཔོན་རིགས་ཤིག་ལ་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་ལྟ་སྐོར་ཕྱིན་ནས། བོད་ནི་ནམ་ཡང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་བརྗོད་ཡོད་པ་རེད།

དེའི་ཐད་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གླེང་པའི་སྐབས་སུ། རྒྱ་མིའི་དཔོན་རིགས་ཚོས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ནི་གཅིག་མཚུངས་ལྟ་བུ་ཡིན་པའི་ཁར། ལིས་ཁེ་ཆང་རྒྱ་ནག་གི་སྲིད་བློན་དུ་བསྐོ་བཞག་བྱས་པའི་རྗེས་སུ་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ལས། བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ལིས་ཁེ་ཆང་གིས་བོད་ནང་དུ་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད་ཀྱང་། རྒྱ་ནག་སྤྱིའི་སྟེང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་བཏང་ཡོད་པ་དཔལ་འབྱོར་ཉམས་ཞིབ་ཚོས་འགྲེལ་བརྗོད་གནང་གི་ཡོད་ཅིང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་Kalpitལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་སྔོན་རྒྱ་ནག་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེ་བའི་སྐབས་སུ། ཁོང་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་ཞི་ཅིན་ཕིང་གི་ལངས་ཕྱོགས་གཉིས་མ་མཐུན་པའི་རྐྱེན་གྱིས། ཕྱོགས་གཉིས་དབར་འགལ་ཟླ་བྱུང་ཡོད། ཏོག་དབྱིབས་ནད་དུག་ཁྱབ་པའི་རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་གི་ནང་ཁོང་ལྟ་སྐོར་ཕྱིན་ཏེ། དམིགས་བསལ་རྒྱ་ནག་གི་གཞོན་སྐྱེས་ཁྲོད་ཁོང་ལ་བསྔགས་བརྗོད་བྱེད་མཁན་ཡང་བྱུང་ཡོད། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ནང་། ཏོག་དབྱིབས་ནད་དུག་རྩ་མེད་ཀྱི་སྲིད་བྱུས་(Zero-Covid Policy)དེ་བཞིན་ལག་བསྟར་བྱས་ཏེ། རྒྱ་ནག་ནང་དཀའ་ངལ་ཤུགས་ཆེན་འཕྲད་པའི་སྐབས་དེར། ལིས་ཁེ་ཆང་གིས། ཚོར་ཤུགས་ཆེན་པོས་ཏོག་དབྱིབས་ནད་དུག་རྩ་མེད་ཀྱི་སྲིད་བྱུས་དེ་བཞིན་མི་མང་གི་བདེ་སྡུག་གཙོར་བཟུང་གི་ལག་བསྟར་དགོས་པ་བརྗོད་མཁན་དེ་ཡིན་ཞེས་གསུངས་བྱུང་། 

གཞན་ཡང་ལིས་ཁེ་ཆང་གིས་སྲིད་བློན་གྱི་འགན་འཁུར་བའི་དུས་དེར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་འགལ་ཟླ་ཤུགས་ཆེན་ཡོད་པ་མངོན་གསལ་དོད་པོ་བྱུང་ཡོད་པ། དཔེར་ན། ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་ནས། འབྱུང་འགྱུར་རྒྱ་ནག་ནང་དབུལ་ཕོངས་མེད་པ་བཟོ་རྒྱུ་ཡིན་ཚུལ་བརྗོད་བཞིན་པའི་དུས་སྐབས་ཤིག་ལ། ལིས་ཁེ་ཆང་གིས། རྒྱ་ནག་ནང་དུ་མི་འབོར་དུང་ཕྱུར་༦ལྷག་གི་ཟླ་རེའི་ཡོང་འབབ་རྒྱ་སྒོར་༡༠༠༠ཙམ་ཡིན་པ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་རིམ་པ་༢ དང་༣ བཅས་ལ་མཚོན་ན། ཁང་གླ་འདང་མིན་གྱི་གནད་དོན་ཡིན་པ་སོགས་ཀྱིས། ཞི་ཅིང་ཕིན་གྱིས་བཤད་པའི་སྐད་ཆ་མང་པོ་ཞིག་འུར་སྒྲོག་ཡིན་པ་བརྡ་ལན་སྤྲད་ཡོད་ཅེས་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ལིས་ཁེ་ཆང་ནི་༡༩༥༥ལོར་རྒྱ་ནག་གི་གྲོང་ཁྱེར་HeFeiཏུ་སྐྱེས་ཤིང་། པེ་ཅིང་གཙུག་ལག་སློབ་ཆེན་དུ་ཁྲིམས་གྱི་ཐོག་ལ་སློབ་ཐོན་ཟིན་འདུག་པ་དང་། རྒྱ་ནག་གི་ཞིང་ཆེན་ཧེ་ནན་Henanདུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཆགས་ཏེ། དེ་ནས་རིམ་པའི་ཐེག་པ་རིམ་འཛེགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་བློན་ཆགས་ཡོད་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎