ལོ་སྔོན་མར་རྒྱ་ནག་གི་མི་འབོར་སྐྱེས་འཕར་ཉུང་དུ་སོང་འདུག
2019.01.03
ལོ་སྔོན་མར་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་བཞི་བརྒྱ་ཡོད་པའི་རྒྱ་ནག་ཡུལ་གྲུའི་ནང་གི་མི་གྲངས་ས་ཡ་གཅིག་དང་གཉིས་འབུམ་བཞི་ཙམ་ཉུང་དུ་ཕྱིན་ཡོད་འདུག
དེ་ཡང་རྒྱ་ནག་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ལ། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་དཔལ་འབྱོར་འཕེལ་རྒྱས་རྒྱུན་གནས་ཐུབ་ཐབས་གཙོ་བོར་དམིགས་ཏེ་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་བཟོས་ཡོད། འོན་ཀྱང་རྒྱ་ནག་གི་ལས་རྩོལ་བའི་གྲངས་འབོར་ཉུང་དུ་འགྲོ་སྲིད་པའི་ཉེན་ཁར་གདོང་ལེན་བྱེད་ཆེད་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་བཟང་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་ཁྲིམས་ལུགས་གཏན་འབེབས་ཀྱིས་ལོ་ལྟར་ཕྲུ་གུ་ ༧༩༠༠༠༠ བདུན་འབུམ་དགུ་ཁྲི་གསར་དུ་སྐྱེས་རྒྱུའི་ཚོད་དཔག་བྱས་ཡོད་པ་རེད།
ཡིན་ན་ཡང་ཨ་མི་རི་ཀའི་ཝིསྀ་ཀོན་སན་གཙུག་ལག་སློབ་གྲྭ་ཆེན་མོའི་ཞུབ་འཇུག་པ་ཡི་ཧྥུ་ཞིེཡན་གྱིས་ཞིབ་འཇུག་གྲུབ་ཐོ་ཞིག་ཕྱི་ཟླ་ ༡ ཚེས་ ༣ ཉིན་འདོན་སྤེལ་བྱས་ཡོད་པ་དེར་གཞིགས་ན། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་མི་འབོར་ས་ཡ་གཉིས་དང་ཕྱེད་ཀ་མ་ཟིན་ཙམ་ཉུང་དུ་ཕྱིན་ཡོད་འདུག་ལ། འདས་པའི་ལོ་དེའི་ནང་འདས་གྲོངས་སུ་གྱུར་བའི་མི་གྲངས་འབོར་ས་ཡ་བཅུ་གཅིག་དང་ལྔ་འབུམ་བརྒྱད་ཁྲི་ཙམ་ཟིན་གྱི་ཡོད་འདུག
ཞིབ་འཇུག་པ་སྐུ་ཞབས་ཡི་ནི་རྒྱ་ནག་གཞུང་གི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་ལ་ངོ་རྒོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉུང་དུ་ཕྱིན་པ་འདི་ནི་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་གི་ཐེངས་དང་པོ་དེ་ཡིན་པ་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་གི་མི་འབོར་འཕེལ་ཚད་ཉུང་དུ་ཕྱིན་པ་ཙམ་མ་ཟད། ལོ་ན་རྒས་པའི་མིའི་གྲངས་འབོར་ཇེ་མཐོར་སོང་བ་དང་དཔལ་འབྱོར་གྱི་ནུས་ཚད་ཉམས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་ཞིབ་འཇུག་པ་ཡ་ཧྥུ་ཞིཡན་གྱིས་རྒྱ་ནག་ནང་སྦྲུམ་ལྡན་བེུད་ཀྱི་གྲངས་འབོར་ཉུང་དུ་འགྲོ་བ་དང་། ཤེས་ཡོན་དང་འབྲེལ་བའི་འགྲོ་གྲོན་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་འཕྲོད་བསྟེན་དང་ཁང་ཁྱིམ་སོགས་ཀྱི་གོང་ཚད་མཐོ་རུ་འགྲོ་བཞིན་པ་སོགས་ཀྱིས་རྐྱེན་པས་ཕྲུ་གུ་གཅིག་ལས་མང་བ་སྐྱེ་རྒྱུར་འཇིགས་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གི་མི་འབོར་འཕེལ་ཚད་དམའ་རུ་འགྲོ་བཞིན་པའི་གནས་སྟངས་འདི་ནི་བཟློག་ཏུ་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་དབྱངས་སྒྲོལ།