ཟི་ལིང་གྲོང་ཁྱེར་ནང་གི་ཉེན་རྟོག་ལས་ཁང་དུ་རྒོལ་རྡུང་བཏང་བ།

རྒྱ་ནག་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནང་གི་ཉེན་རྟོག་ལས་ཁང་དུ་རྒོལ་རྡུང་བཏང་སྟེ་རྒྱ་མི་ཉེན་རྟོག་པ་གཉིས་རྨས་སྐྱོན་ཕོག་ཡོད་པ།

2009.03.29

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ལྷོ་ནུབ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནང་གི་ཉེན་རྟོག་ལས་ཁང་དུ་རྒོལ་རྡུང་བཏང་སྟེ་རྒྱ་མི་ཉེན་རྟོག་པ་གཉིས་རྨས་སྐྱོན་ཕོག་ཡོད་པའི་སྐོར་པེ་ཅིང་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ད་རེས་ཀྱི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་དམག་དཔུང་འགྲེམས་འཇོག་གིས་བོད་མིའི་ཐོག་ཚབས་ཆེའི་དྲག་གནོན་བྱས་ཏེ་དེ་སྔ་གུང་ཁྲན་ཏང་གི་བཙན་འཛུལ་ལ་བོད་མི་ཚོས་ངོ་རྒོལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་དུས་ཚིགས་ཉིན་ཟང་ཟིང་དོན་རྐྱེན་རིགས་མི་ཡོང་བ་འགོག་ཐབས་བྱས་པའི་སྐབས་དེར་བྱུང་བ་ཡིན་ཞིང་དོན་རྐྱེན་དེའི་སྐོར་ལ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཤོག་ཐོག་ལ་གནས་ཚུལ་ཐུང་ངུ་ཞིག་སྤེལ་བའི་ནང་དོན་རྐྱེན་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་ནང་བྱུང་བ་ཡིན་པ་དང་ཟི་ལིང་ས་གནས་དེ་ནི་བོད་ཀྱི་ས་མཚམས་ཡིན་པ་མ་ཟད་དེ་ཡང་བོད་མི་གནས་ཡུལ་ཞིག་ཡིན་པ་བཤད་ཡོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་བཤད་མེད་པའི་ཁར་ད་རེས་ཀྱི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དམ་བསྒྲགས་དང་དྲག་གནོན་ཚབས་ཆེ་བྱེད་པའི་བྱ་སྤྱོད་ལ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བཞིན་པ་དང་འབྲེལ་བ་ཡོད་མེད་སྐོར་ཐད་ཀར་བཤད་མེད་པ་རེད། གཟའ་འཁོར་སྔོན་མ་དེར་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཐོག་ལ་རེས་གཟའ་མིག་དམར་ཉིན་ཟི་ལིང་གྲོང་ཁྱེར་ནང་གི་མོ་ཊའི་འགྲིམས་འགྲུལ་ཉེན་རྟོག་ལས་བྱེད་པ་གསུམ་ཐོག་སྐྱེས་པ་ཁག་ཅིག་གིས་མཐའ་སྐོར་ནས་ཉེས་རྡུང་བཏང་བའི་གནས་ཚུལ་དང་དེ་རྗེས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་རྒྱལ་ཡོངས་བརྙན་འཕྲིན་ཐོག་ལ་ཉེས་རྡུང་གཏོང་མཁན་མི་གཅིག་འཛིན་བཟུང་བྱས་པ་དང་གཞན་དག་རྣམས་རྩད་གཅོད་བྱེད་མུས་ཡིན་པ་རྒྱང་བསྲིང་བྱས་ཡོད་པ་རེད། དེ་རིང་ཕེ་རན་སི་གསར་འགོད་པས་ཟི་ལིང་ཁུལ་དུ་ཁ་པར་བརྒྱུད་འབྲེལ་ལམ་བྱེད་པའི་སྐབས་གྲོང་ཁྱེར་ནང་དུ་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་དང་དུས་རྒྱུན་དང་མི་འདྲ་བའི་ཛ་དྲག་ཆེན་པོ་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། རྒྱ་ནག་ནང་དུ་དྲག་པོའི་དོན་རྐྱེན་ཡང་སེ་ཡོང་བ་ནི་ཉེན་རྟོག་པའི་སྤྱོད་ཚུལ་རྩུབ་པོ་དེ་དང་རྒྱ་ནག་གཞུང་གི་དྲང་བདེན་མི་བྱེད་པའི་བྱ་སྤྱོད་གཉིས་འབྱུང་རྐྱེན་གཙོ་བོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་ཡིན་ནའང་དེ་རིང་གི་དོན་རྐྱེན་དེ་ནི་སུམ་བཅུའི་དུས་དྲན་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ལ་ཞིང་བྲན་བཅིངས་བཀྲོལ་བཏང་ནས་བོད་ཀྱི་ཞིང་བྲན་ལམ་ལུགས་མཇུག་སྒྲིལ་བ་ཡིན་ཟེར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་བོད་ཀྱི་ས་ཁུལ་ནང་དམ་བསྒྲགས་ཆེན་པོ་བྱས་ཏེ་ཛ་དྲག་ཆེ་བའི་དུས་སྐབས་དེར་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎