ཤིན་ཅང་ཁུལ་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་ལུཌ
2011.07.05
༄༅༎རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཤིན་ཅང་ས་ཁུལ་ནང་ཚོང་ལས་གོང་འཕེལ་གྱི་སྒོ་མོ་མུ་མཐུད་ཕྱེ་རྒྱུ་དང་ཚོང་གི་མ་རྩ་འཛུགས་པ་བརྒྱུད་ཤིན་ཅང་མི་དམངས་ཚོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་པ་བཤད་ཡོད་པ་རེད།
དེ་རིང་ཕྱི་ཟླ་བདུན་པའི་ཚེས་དྲུག་གི་ཉིན་མོ་དེ་དེ་སྔོན་ལོ་གཉིས་ཀྱི་གོང་གི་དུས་ཚེགས་དེའི་ཐོག་ཤིན་ཅང་གི་རྒྱལ་ས་ཨུ་རམ་ཅི་ནང་དེ་སྔ་མི་ལོ་བཅུ་ཕྲག་མང་པོའི་རིང་བྱུང་མྱོང་མེད་པའི་ཡུ་གུར་མི་རིགས་དང་རྒྱ་མི་རིགས་དབར་གྱི་འཐབ་རྩོད་ཀྱི་ཟིང་ཆའི་དོན་རྐྱེན་ཆེན་པོ་དེ་བྱུང་བའི་ཉིན་མོ་ཡིན་པར་བརྟེན་ནས། དོན་རྐྱེན་དེ་བྱུང་ནས་ལོ་གཉིས་འཁོར་བའི་སྔ་ནུབ་ཕྱི་ཟླ་བདུན་པའི་ཚེས་༤ ཉིན་ཤིན་ཅང་གི་ས་གནས་འགོ་ཁྲིད་ནུར་སྦེཀ་རི་གྱིས་། ཤིན་ཅང་ནང་གི་ཕྱི་རྒྱལ་གྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་དང་ཤིང་ཅང་གི་ཉེ་འཁྲིས་རྒྱལ་ཁབ་ཁག་དབར་དང་དཔལ་འབྱོར་མཉམ་ལས་བྱས་ཏེ། ཤིན་ཅང་གི་ཀཤི་གར་དང་ཧོར་གོསི་གྲོང་ཁྱེར་ནང་དམིགས་བསལ་དཔལ་འབྱོར་གྱི་ལྟེ་གནས་ཤིག་སྐྲུན་ཐབས་འབད་བརྩོན་བྱ་རྒྱུ་མ་ཟད། ཤིན་ཅང་གི་དངོས་ཟོག་ལ་གཞན་གྱིས་དགའ་མོས་བྱེད་ཡུལ་ཞིག་ཏུ་འགྱུར་ཐབས་དང་ཕྱི་རྒྱལ་ནས་ཤིང་ཅང་ནང་དུ་ཚོང་གི་མ་རྩ་འཛུགས་མཁན་ཚོས་དགའ་མོས་ཡོང་ཐབས་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་ཤིན་ཅང་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐུབ་པ་ཡིན་ཚེ། དེ་ཡིས་ཤིན་ཅང་ནང་དུ་ཡུ་གུར་མི་རིགས་ཀྱི་འཁོན་འཛིན་དང་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་བྱེད་པ་བཞིན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུའང་བྱ་ཐབས་དེ་ལག་བསྟར་བྱེད་བཞིན་ཡོད་ཀྱང་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་ལས་ཞི་འཇམ་དུ་འགྲོ་གི་མེད་པ་རེད། ལྷག་པར་དུ་ཤིན་ཅང་གི་ས་ཁུལ་དེ་ནི་དབུས་ཨེ་ཤི་ཡའི་མཐའ་མཚམས་འཁེལ་ཏེ། པ་ཀི་སི་ཐན་དང། ཨཕ་ག་ནི་སི་ཏན། ར་ཤི་ཡ་སོགས་དང་ས་མཚམས་ཡིན་ཞིང༌། དེ་སྔ་རྒྱ་ནག་ནས་དཀྱིལ་ཤར་ཡུལ་གྲུ་དང་ཡོ་རོབ་ཁུལ་དུ་གྲུ་ཙིའི་ཚོང་འབྲེལ་བྱེད་ཡུལ་གྱི་དར་གོས་ཚོང་ལམ་གྱི་གཞུང་ལམ་འཁེལ་ཡུལ་ཡིན་པ་བརྟེན། ད་རེས་ཤིན་ཅང་གི་འགོ་ཁྲིད་ནས། ཤིན་ཅང་ནང་དུ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་ལམ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞིའི་དམིགས་ཡུལ་གཙོ་བོ་ནི་ཤིན་ཅང་ནང་དུ་རྒྱུན་གནས་ཐུབ་པའི་བརྟན་ལྷིང་སྐྲུན་ཐབས་ཆེད་དུ་ཡིན་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རེད།