རྒྱ་ནག་གིས་བོད་ཀྱི་ནག་ཆུར་གནམ་ཐང་གསར་རྒྱག།
2010.01.12
༄༅༎རྒྱ་ནག་གིས་འཛམ་གླིང་ནང་ནས་གནམ་ཐང་མཐོ་ཤོས་དེ་བོད་ནག་ཆུ་ཁུལ་འཛུགས་བསྐྲུན་བྱ་རྒྱུའི་འཆར་གཞི་གཏིང་བཞིན་ཡོད་པ་དང༌། གནམ་ཐང་དེ་བཞིན་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༤༥༠༠མན་ཙམ་ཐོག་ཆགས་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བཞག།
མ་གནས་ཨ་རིའི་ཌོ་ལར་ས་ཡ་༢༦༠མིན་ཙམ་གནས་རྒྱུའི་བོད་ནག་ཆུ་རྫོང་ཁོངས་གནམ་ཐང་གསར་རྒྱག་འཛུགས་བསྐྲུན་ལས་གྲ་དེ་བཞིན་ལོ་རྗེས་མ་ནས་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་སྐོར་ས་གནས་འཛུགས་བསྐྲུན་འཆར་འགོད་ལས་བྱེད་པས་འགྲེལ་བརྗོད་བྱས་པ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།
གོང་ཞུས་ནག་ཆུ་ཁུལ་གསར་རྒྱག་བྱ་རྒྱུའི་གནམ་གྲུའི་བབས་ཐང་དེ་བཞིན་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༤༤༣༦ལ་སླེབས་རྒྱུ་ཡིན་དུས། གནམ་ཐང་གསར་པ་དེ་དེ་སྔོན་༡༩༩༤ནས་བཟུང་འཛམ་གླིང་ནང་གི་གནམ་ཐང་མཐོ་ཤོས་སྦམ་རྡ་གནམ་ཐང་ལས་མི་ཊར་༡༠༢ཀྱི་མཐོ་བ་ཆགས་རྒྱུ་ཡིན་པ་རེད།
གོང་ཞུས་གནམ་ཐང་དེ་གསར་རྒྱག་ཟིན་པའི་རྗེས། ས་གནས་དེའི་བརྒྱུད་མཚོ་བོད་མེ་འཁོར་ལྕགས་ལམ་ཡང་འཁེལ་གྱི་ཡོད་སྟབས་། འབྱུང་འགྱུར་ནག་ཆུ་ས་ཁུལ་དེ་བཞིན་བོད་མཐོ་སྒང་གི་དཔལ་འབྱོར་ལྟེ་གནས་ཞིག་ཆགས་སྲིད་རྒྱུ་ཡིན་སྐོར་ ནག་ཆུ་རྗོང་གི་ས་གནས་དཔོན་རིགས་ཐན་ཡོང་ཧྲུ་ཡིས་འགྲེལ་བརྗོད་བྱས་འདུག།
ནག་ཆུ་ཁུལ་གྱི་གནམ་གྲུའི་བབས་ཐང་གསར་པ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་བར་ཐག་རྒྱང་ཚད་ཀི་ལོ་མི་ཊར་༢༣༠ཆགས་རྒྱུ་ཡིན་པ་དང༌འཛུགས་བསྐྲུན་ཟིན་མཚམས་ནག་ཆུ་གནམ་ཐང་དེ་བཞིན་བོད་ཁུལ་གྱི་གནམ་ཐང་ཨང་དྲུག་པ་དེ་ཆགས་རྒྱུ་ཡིན་པ་རེད།
རྒྱ་ནག་གི་བོད་ཐོག་དབང་སྒྱུར་ལ་སྐྱོན་བརྗོད་གནང་མཁན་ཚོས་གསུང་ན། རྒྱ་ནག་གིས་བོད་ནང་མེ་འཁོར་ལྕགས་ལམ་དང་གནམ་ཐང་འཛུགས་བསྐྲུན་བྱས་པའི་བརྒྱུད་རྒྱ་ཧན་མི་རིགས་འབོར་ཆེན་ཞིག་བོད་ནང་གནས་སྤོས་བྱེད་དུ་བཅུག་ནས་བོད་ཀྱི་གཏེར་ཁ་དང་རང་བཞིན་འབྱུང་ཁུངས་བསྔོག་འདོན་དང་འབྲེལ་བོད་ཐོག་རྒྱ་ནག་གི་དབང་སྒྱུར་སྲ་བརྟན་གཏོང་རྒྱུའི་ཐབས་ཤེས་ཤིག་ཡིན་པར་ངོས་འཛིན་གནང་གི་ཡོད་ནའང༌། རྒྱ་ནག་གཞུང་གིས་ལས་གྲ་དེའི་རིགས་ཀྱིས་མཐའ་ཁོབ་ཏུ་གནས་པའི་བོད་མི་མང་ཚོགས་ཀྱི་འཚོི་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད།
ནག་ཆུ་ས་གནས་ཀྱི་དཔལ་འབྱོར་འཆར་འགོད་པ་ཤུའུ་ཅན་གྱིས་གྲོང་ཁྱེར་ལྷ་སའི་ནང་ས་གནས་གྲོས་ཚོགས་ཀྱི་ཚོགས་འདུའི་སར་ལོ་རྗེས་མ་ནས་འགོ་འཛུགས་བྱ་རྒྱུའི་ནག་ཆུ་ཁུལ་གྱི་གནམ་ཐང་གསར་རྒྱག་གི་ལས་གྲ་དེར་དུས་ཡུན་ལོ་གསུམ་ཙམ་འགོར་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།