རྒྱ་ནག་གི་དམག་དཔུང་ལ་ཁྲིམས་ཐོག་འགན་དབང་གཏན་འཁེལ།

རྒྱ་ནག་ནང་སྤྱི་ཚོགས་ཁྲོད་ངོ་རྒོལ་དང་དྲག་ཟིང་གི་དོན་རྐྱེན་རིགས་ལ་རྒྱ་ནག་བཅིངས་བཀྲོལ་དམག་མིས་གདོང་ལེན་དང་ཁ་གཏད་བཅོག་རྒྱུ།

2009.08.27

༄༅༎རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་རྒྱ་ནག་ནང་སྤྱི་ཚོགས་ཁྲོད་ངོ་རྒོལ་དང་དྲག་ཟིང་གི་དོན་རྐྱེན་རིགས་ལ་རྒྱ་ནག་བཅིངས་བཀྲོལ་དམག་མིས་གདོང་ལེན་དང་ཁ་གཏད་བཅོག་རྒྱུར་ཁྲིམས་ཐོག་ནས་འགན་དབང་གཏན་འབེབས་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

རྒྱ་ནག་བཅིངས་བཀྲོལ་དམག་མིས་རྒྱུན་ལྡན་ནས་རྒྱ་ནག་རྒྱལ་ཡོངས་ནང་ངོ་རྒོལ་དང་ཟིང་ཆ་བྱུང་སྐབས་དམ་བསྒྲགས་དང་དྲག་གནོན་གྱི་འགན་ཁུར་ལེན་མུས་ཡིན་ཡང་ད་རེས་ཁྲིམས་ཐོག་ནས་འགན་དབང་གཏན་འབེབས་བྱ་རྒྱུ་དེ་བདེ་འཇགས་ཀྱི་ཐད་ནས་དབང་ཚད་ཁ་གསལ་བཟོ་ཕྱིར་ཡིན་པའི་སྐོར་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་གོང་གསེལ་ཁྲིམས་གཞི་དེ་བཞིན་ཡིག་ཐོག་ནས་ལམ་སེང་གསལ་བསྒྲགས་བྱས་མེད་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ནང་ཁྲིམས་ཐོག་ནས་རྒྱ་ནག་བཅིངས་བཀྲོལ་དམག་ལ་རྒྱལ་ནང་སྲུང་སྐྱོབ་ཆེད་མང་ཚོགས་ཁྲོད་དམ་བསྒྲགས་དང་དྲག་གནོན་གྱི་དབང་ཚད་ཁ་གསལ་གཏན་འབེབས་བྱ་རྒྱུ་དེ་བཞིན་ཉེ་དུས་རྒྱ་ནག་གི་ས་ཁུལ་གང་སར་ངོ་རྒོལ་དང་དྲག་ཟིང་གི་དོན་རྐྱེན་ཇེ་མང་དུ་འགྲོ་བའི་གནད་དོན་ལ་བརྟེན་ནས་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་རེས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དྲག་ཟིང་གི་དོན་རྐྱེན་ལངས་ཏེ་ཟླ་བ་གཉིས་ཙམ་ཕྱིན་པ་དང་ཡང་རིང་མིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་ནང་རྒྱལ་བཙུགས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་འཁེལ་ཡོད་པ་རེད། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་རེས་ཀྱི་ཁྲིམས་གཞི་འདིའི་བརྒྱུད་རྒྱ་ནག་ནང་ངོ་རྒོལ་གྱེན་ལངས་དང་དྲག་ཟིང་གི་དོན་རྐྱེན་དང་དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ལ་སོགས་པའི་བྱུང་རྐྱེན་སྐབས་བདེ་འཇགས་ཀྱི་ཐད་ནས་རྒྱ་ནག་བཅིངས་བཀྲོལ་དམག་ལ་སྲུང་སྐྱོབ་དང་གདོང་ལེན་གྱི་དབང་ཚད་ཆ་ཚང་སྤྲད་ཡོད་པ་མ་ཟད་ངོ་རྒོལ་དང་དྲག་ཟིང་གི་དོན་རྐྱེན་སྐབས་རྫོང་སྡེ་ལས་ཁུངས་ནས་དྲག་ཆས་དམག་མི་བཀོད་འདོམས་བྱེད་རྒྱུའི་དབང་ཚད་ཕྱིར་བསྡུ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎