ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་ན་ངོ་རྒོལ་ཡོད།
2015.02.02
ཕྱི་རྒྱལ་གྱི་དཔོན་རིཊ་ཚོས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་ཡིན་ན་རྒྱ་ནག་གིས་ངོ་རྒོལ་ཡོད་ཟེར།
དེ་ཡང་བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྷན་དུ་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་པའི་རྗེས། ཚེས༢ཉིན་རྒྱ་ནག་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་སར། ཕྱི་རྒྱལ་གྱི་དཔོན་རིགས་མི་སྣ་ཚོས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་ཡིན་ན་དེར་ངོ་རྒོལ་ཡོད་ཅེས་དང་། རྒྱ་ནག་དང་ཨ་རིའི་གཞུང་གཉིས་དབར་འབྲེལ་བ་རྒྱུན་འཁྱོངས་ཡོང་རྒྱུའི་ཆེད་ད་རེས་ཨ་མི་རི་ཀའི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ཁས་ལེན་ཞལ་བཞེས་གང་ཡང་མ་གནང་བའི་རེ་བ་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Hong Leiཡིས་རྒྱ་ནག་ནང་བསྐོང་ཚོགས་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་དགག་བྱ་བྱེད་མིན་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་Obamaམཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཐེངས་གསུམ་ཙམ་མཇལ་གནང་ཡོད་པ་རེད། རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་གྱི་མཛད་སྒོ་དེ་བཞིན་ལོ་ལྟར་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་གྱི་Hilton་གསོལ་མགྲོན་ཁང་དུ་གནང་སྲོལ་ཡོད་པ་དང་། ལོ་རྒྱུས་ཐོག་ནས་ལྷན་ཚོགས་དེ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་གྲོས་ཚོགས་འཐུས་མིས་འདུ་སྐོང་གནང་གི་ཡོད་པའི་ཐོག་ཡེ་ཤུ་གཙོ་བོར་གྱུར་བའི་ཆོས་ལུགས་གཞན་པའི་སྐུ་ཚབ་མང་པོ་ཕེབས་ཀྱི་ཡོད་པ་མ་ཟད། ཨ་མི་རི་ཀའི་སྲིད་འཛིན་དང་ལྕམ་རྣམ་པ་ཡུན་རིང་ནས་ལྷན་ཚོགས་དེའི་སར་ཕེབས་ནས་གསུང་བཤད་གནང་སྲོལ་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།
དེ་བཞིན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་ཕྱི་ཚེས་༥ཉིན་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ལྷན་བཞུགས་གནང་རྒྱུར་རྒྱ་ནག་གིས་ཡི་མ་རངས་བའི་རྣམ་འགྱུར་བསྟན་ཡོད་པ་རེད།
times་དུས་དེབ་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། གོང་ཞུས་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ལྷན་འཛོམས་གནང་རྒྱུའི་གནས་ཚུལ་ཐོན་པའི་ཉིན་༣གྱི་རྗེས་སུ་རྒྱ་ནག་གཞུང་གིས་ལན་འདེབས་བྱས་ཡོད་པ་རེད།
གཟའ་འཁོར་སྔོན་མའི་ནང་ཨ་རིའི་ཕོ་བྲང་དཀར་པོས་གནས་ཚུལ་ཕྱི་བསྒྲགས་ནང་སྲིད་འཛིན་ཨོ་བྷ་མས་ཨ་རིིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ཆོས་དད་རང་མོས་གལ་ཆེན་གྱི་སྐོར་གསུངས་བཤད་གནང་རྒྱུ་ཡིན་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྷན་ཞུགས་གནང་གི་ཡོད་པ་འཁོད་ཡོད། དེའི་ཐོག་དེ་རིང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hong Leiཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་དོན།
རྒྱ་ནག་གཞུང་གིས་རྒྱལ་ཁབ་དང་གཞུང་གང་རུང་གིས་བོད་ཀྱི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱེད་པ་ལ་ངོ་རྒོལ་དང་། དེ་བཞིན་ལུང་པ་གང་རུང་གི་དབུ་ཁྲིད་ཀྱིས་ཏཱ་ལའི་བླ་མ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་མཇལ་འཕྲད་གནང་བ་ལ་ཡང་ངོ་རྒོལ་ཡོད་ཅེས་བརྗོད་འདུག ད་དུང་ཁོང་གིས། ཨ་རིའི་གཞུང་གིས་བོད་དོན་ཐོག་ལ་ཁས་ལེན་དམ་བཅའ་སྲུང་བརྩི་བྱེད་རྒྱུའི་རེ་བ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱོགས་ཡོངས་ཀྱི་ཕན་ཚུན་མཉམ་འབྲེལ་གྱི་འབྲེལ་ལམ་རྩ་འཛིན་གྱི་གཞིར་བཟུང་གནད་དོན་དེའི་ཐོག་འོས་འཚམ་གྱི་ལག་ལེན་བསྟར་དགོས་པ་ཞིག་རེད་ཅེས་བརྗོད་འདུག
ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་རྒྱལ་རིན་པོ་ཆེ་རྣམ་གཉིས་བར་འབྲེལ་ལམ་གཏིང་ཟབ་ཡོད་ལུགས་བརྗོད་ཀྱང་ད་ཐེངས་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་མཉམ་ཞུགས་བྱེད་རྒྱུ་ལས་དབུ་ཁྲིད་རྣམ་གཉིས་ཟུར་དུ་མཇལ་ཕྲད་གནང་མིན་སྐོར་གསལ་སྟོན་གང་ཡང་བྱས་མེད་པ་རེད།
ཨ་རིའི་གྲགས་ཅན་timesདུས་དེབ་གྱི་གསར་འགོད་པ་ཧ་ནམ་བེ་ཇི་གནས་ཚུལ་ཞིག་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་རྒྱལ་ཡོངས་གསོལ་འདེབས་གསོལ་ཇའི་ལྷན་འཛོམས་དུ་མཉམ་ཞུགས་གནང་རྒྱུའི་གནས་ཚུལ་ལ་རྒྱ་ནག་གིས་ལན་འདེབས་བྱེད་རྒྱུ་ཉིན་གསུམ་འགོར་ཡང་དེ་རིང་དེ་རིང་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་ཚགས་པར་ཐོག་འཁོད་དོན་ལ། བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་བྱ་སྤྱོད་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་མངོན་གསལ་མ་ཡིན་པའི་རྒྱབ་སྐྱོར་བྱེད་བཞིན་པ་རེད་ཅེས་འཁོད་འདུག་ལ་དེ་བཞིན་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པས་རྒྱ་ནག་དུ་ཡོད་པའི་ཨ་རིའི་སྐུ་ཚབ་ཆེད་འགུག་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ལ་གཞུང་འབྲེལ་ཐོག་ནས་མི་རངས་པའི་རྣམ་འགྱུར་ཕྱིར་འདོན་བྱས་ཡོད་འདུག གསར་འགོད་པ་ཧེ་ནམ་གྱིས་ཟེར་ན་རྒྱ་ནག་དམར་ཤོར་ཚོགས་པས་ཆེད་གཉེར་བྱེད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྐབས་སུ་བོད་རིགས་གྲ་བཙུན་ཚོར་དུས་རྟག་ཏུ་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་དགོས་པའི་བཙན་ཤེད་ཀྱིས་བོད་མི་ཚོ་འ་ཆད་འུ་ཐུག་གིས་སྤྱི་ལོ་༢༠༠༩ལོ་ནས་ད་ལྟ་བར་བོད་མི་༡༣༦གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་ལོ་བཅུ་ཕྲག་༦ལྷག་ཕྱིན་ཡང་ད་དུང་བོད་མཐོ་སྒང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཡོངས་གྲགས་ཀྱིས་དད་གུས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་མིའི་བོད་རིགས་ལས་བྱེད་ནང་ཁུལ་དུ་ཡང་ཏཱ་ལའི་བླ་མ་ལ་གསང་བའི་གནས་ཚུལ་ཕྱིར་སྤྲོད་བྱེད་པའི་དོགས་གཞི་འོག་ལོ་སྔོན་མ་བོད་རིགས་ལས་བྱེད་༡༥ལ་སྒྲིག་ཁྲིམས་ཚབས་ཆེན་འགལ་བའི་ཉེས་ཅན་གྱིས་རྒོལ་རྡུང་བཏང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་ཡོད་པ་རེད། ད་ཐེངས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་རྣམ་གཉིས་ཀྱི་ལྷན་འཛོམས་གྱི་གནས་ཚུལ་དེ་ཡང་བོད་ཀྱི་ས་ཁུལ་དུ་ཁྱབ་རྒྱུར་དུས་ཚོད་གང་ཙམ་འགོར་སྲིད་ཀྱི་རེད་གང་ཡིན་ཟེར་ན། བོད་ནང་རང་ལུས་མེར་བསྲེག་གི་དོན་རྐྱེན་ཇེ་མང་དུ་ཕྱིན་རྗེས་སུ་བོད་ཀྱི་ས་ཁུལ་འགའ་ཤས་ནང་དྲ་རྒྱ་དང་ཁ་པར་བརྒྱུད་ལམ་བཅད་ཡོད་པ་རེད་ཅེས་ཨ་རིའི་Time བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
སྔ་ལོ་སྤྱི་ཟླ་༢པའི་ནང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཐེངས་མ་༣པ་དེ་གནང་ཡོད་ཅིང་། ད་ཐེངས་མཇལ་འཕྲད་དང་བཀའ་མོལ་བྱུང་ན་ཐེངས་༤པ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།