ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་ནང་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་གསར་འཛུགས་བྱས་པའི་སྐྱོན་འཛུགས་ལ་རྒྱ་ནག་གཞུང་གིས་འགག་ལན་བྱས་པ།

2022.11.19
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་ནང་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་གསར་འཛུགས་བྱས་པའི་སྐྱོན་འཛུགས་ལ་རྒྱ་ནག་གཞུང་གིས་འགག་ལན་བྱས་པ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་གཙོ་འཛིན་Christopher Wray
ཨེ་ཨེཕ་པི།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་ཨ་རིའི་ནང་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་གསར་འཛུགས་བྱས་ཏེ་ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་ཡོད་ལུགས་སྐྱོན་འཛུགས་བྱས་པ་དེ་དངོས་འབྲེལ་མིན་ཚུལ་རྒྱ་ནག་གཞུང་གིས་འགག་ལན་བྱས་འདུག
Reuters་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་སྔོན་ཕྱི་ཟླ་༩པའི་ནང་ Safeguard Defenders ཞེས་ཡུ་རོབ་ཁུལ་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཐེ་བས་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་ཆེད་བཙུགས་བྱས་ཡོད་པའི་སྙན་ཐོ་འདོན་སྤེལ་བྱས་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨ་རིའི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁའི་གནས་སྟངས་ཞེས་པའི་ཉན་ཞིབ་སར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་གཙོ་འཛིན་Christopher Wray ལགས་ཀྱིས། ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད་ རྒྱ་ནག་དང་ལག་འབྲེལ་ཡོད་པ་ཁག་ནས་ཉེན་རྟོགས་ལས་ཁུངས་བཙུགས་པའི་གནད་དོན་འདི་བཞིན་ཧ་ཅང་བློ་ཚབས་ཀྱི་རང་བཞིན་ཞིག་ཡིན་པ་མ་ཟད། ཨ་རིའི་ས་ཁོང་བདག་དབང་ལ་ཐེ་ཇུས་དང་། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལས་གཡོལ་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ཁ་ས་རེས་གཟའ་པ་སངས་ཉིན་རྒྱལ་ས་ཝ་ཤིང་ཀྲོན་ཏུ་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ Liu Pengyu ཟེར་བས། ཨ་རིའི་ནང་སྒེར་གྱི་དངས་བླང་ཐོག་ནས་འཛིན་སྐྱོང་བྱས་པའི་ས་ཚིགས་དེ་ལྟར་ཡོད་པ་དངོས་འབྲེལ་ཡིན་པ་ངོས་ལེན་བྱས་པ་དང་ཆབས་ཅིག དེ་དག་ནི་ཉེན་རྟོགས་ལས་ཁུངས་གང་ཡང་མིན་ཚུལ་སྐོར་འགག་ལན་བྱས་འདུག ཁོང་གིས་བརྗོད་དོན་ལྟར་ན་ཨ་རིས་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་ཞེས་འབོད་པའི་ལས་ཁུངས་དེ་དག་ནི། ཕྱི་སྡོད་རྒྱ་མི་རིགས་རྣམས་ལ་རླངས་འཁོར་སོགས་གཏོང་ཕྱོགས་པའི་ལག་འཁྱེར་ཞུ་སྟངས་དང་། ཡང་ན་ལག་འཁྱེར་དང་འབྲེལ་བའི་འཕྲོད་བསྟེན་རྟགས་དཔྱད་སོགས་ཀྱི་མཐུན་འགྱུར་སྤྲོད་ཆེད་དྭང་བླངས་ཞབས་ཞུའི་ལས་དོན་ཁོ་ནའི་ཆེད་ཡིན་ཚུལ་Reutersགསར་ལས་ཁང་མྱུར་འཕྲིན་ཐོག་ནས་འགྲེལ་བརྗོད་བྱས་འདུག ཁོང་གིས་མུ་མཐུད་ནས་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་དེ་དག་ནི། སྒེར་གྱི་དྭང་བླངས་ཐོག་ནས་བཙུགས་པ་ཡིན་པ་ལས་ལས་ཁུངས་དེ་ཚོའི་ནང་རྒྱ་ནག་ནས་ཉེན་རྟོགས་མི་སྣ་གང་ཡང་མེད་ཅིང་། ཨ་རིས་གཞི་མེད་སྐྱོན་འཛུགས་དེ་ཚོ་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་འདུག Reutersགསར་ལས་ཁང་གིས་རྒྱ་ནག་གཞུང་ཚབ་ཁང་ལ་ཨ་རིའི་ནང་རྒྱ་ནག་གི་དྭང་བླངས་ཞབས་ཞུ་ཞེས་པའི་ལས་ཁུངས་ཁག་གི་ཐོ་གཞུང་བཏོན་དགོས་པའི་སྐོར་འབྲེལ་བ་བྱེད་སྐབས་ལན་འདེབས་གང་ཡང་བྱས་མེད་པ་རེད། གནས་ཚུལ་ནང་གསལ་བར་ཟླ་བ་འདིའི་འགོ་ལྟོད་དུ་ Netherlands རྒྱལ་ཁབ་ནང་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་ཆེད་བཙུགས་བྱས་པའི་གནས་ཚུལ་བྱུང་རྗེས་ Netherlands གཞུང་ནས་རྒྱ་ནག་གི་ལས་ཁུངས་དེ་དག་འཕྲལ་དུ་སྒོ་རྒྱབ་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་གིས་ཀྱང་ སྲིད་འཛིན་Biden གྱི་དབུ་འཁྲིད་པའི་འཛིན་སྐྱོང་ནས་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་བཙུགས་པའི་གནད་དོན་ཐད་ཞིབ་འཇུག་ཐིལ་ཕྱིན་དགོས་པའི་སྐུལ་མ་གནང་བཞིན་ཡོད་པ་གནས་ཚུལ་ནང་གསལ་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎