རྒྱ་ནག་ནང་འོ་རྒྱུའི་བཟའ་བཅར་རྫས་དུག་བསྲེས་པའི་གནད་དོན།
2008.09.19
༄༅༎རྒྱ་ནག་ནང་འོ་མའི་རིགས་ནང་རྫས་དུག་བསྲེས་པའི་གནད་དོན་དེ་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་དུས་མཚུངས་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁྲོམ་རའི་ནང་ཡོད་པའི་རྫས་དུག་ཡོད་པའི་འོ་མའི་བཟའ་བཅའི་རིགས་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུ་བཀའ་རྒྱ་བཏང་བའི་རྗེས་ས་གནས་མང་ཚོགས་ཁྲོད་བཟའ་བཅའ་ལ་རྫས་དུག་གི་ཉེན་ཚབས་འཇིགས་སྐུལ་བྱུང་བཞིན་པར་ཁོང་ཁྲོ་དང་དངངས་འཚབ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་སུ་གྲགས་ཆེ་བའི་འོ་མའི་རིགས་ཀྱི་དངོས་ཟོག་བཟོ་སྐྲུན་བྱེད་མཁན་གྱི་ཁེ་ལས་ཚོང་དོན་མང་ཆེ་བའི་བཟའ་བཅའི་ནང་མེའེ་ལ་མིན་ཟེར་བའི་རྫས་དུག་གི་རིགས་བསྲེས་ཡོད་པ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་རྗེས། རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁང་གིས་རྒྱ་ནག་གི་ཁྲོམ་རའི་ནང་ཡོད་པའི་འོ་མའི་རིགས་ལས་བཟོས་པའི་བཟའ་བཅའ་ འོ་རྩམ་དང་ ཞོ་ འོ་མའི་འཁྱག་པ་བྱི་རིལ་སོགས་ཚང་མ་ཁྲོམ་ར་ནས་ཕྱིར་བསྡུ་གྱིས་བརྟག་དཔྱ་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་གི་ཅའན་བཟའ་བཅའ་ཚོང་ཁང་གི་འགན་འཛིན་ཁྲེན་ཟེར་བས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་དོན་ལ། ཁོང་ཚོའི་ཚོང་ཁང་ནང་ཡོད་པའི་བཟའ་བཅའི་ནང་རྫས་དུག་སོགས་བསྲེས་ཡོད་པར་དོགས་གཞི་ཡོད་པའི་བཟའ་བཅའ་ཡོངས་རྫོགས་བཀག་སྡོམ་བྱས་ཟིན་ལུགས་བརྗོད་ཡོད་འདུག རྒྱ་ནག་ནང་ད་རེས་སན་རླུའུ་རྟགས་ཅན་གྱི་འོ་རྩམ་ནང་གོང་ཞུས་རྫས་དུག་རིགས་བསྲེས་ནས་ཚོང་འགྱུར་བྱས་སྟེ་མི་གྲངས་བཞི་རྐྱེན་འདས་སུ་ཕྱིན་པ་དང་ཕྲུ་གུ་དྲུག་སྟོང་ལྷག་ཙམ་ལ་མཁལ་མའི་ནད་གཞི་ཕོག་ནས་སྨན་བཅོས་བྱེད་དགོས་བྱུང་བའི་གནས་ཚུལ་དེ་འདོན་པའི་རྗེས། རྒྱ་ནག་གི་འོ་མའི་རིགས་ཀྱི་བཟའ་ཆས་བཟོ་སྐྲུན་བྱེད་མཁན་གྲགས་ཆེ་བ་དབྱིད་ལིས་དང་ མང་མྱུར་ སན་ཤིང་སོགས་རྟགས་ཅན་གྱི་དངོས་ཟོག་ནང་ལ་ཡང་རྫས་དུག་རིགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང༌། མི་མང་པོས་གནད་དོན་ད་དུང་ཚབས་ཆེ་རུ་འགྲོ་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།