རྒྱ་ནག་ནང་ཉམ་ཐག་གི་གནས་སྟངས་མང་དུ་འགྲོ་རྒྱུའི་སྐོར།
2008.09.03
༄༅༎རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གྲོས་འཆར་བཏོན་པར་གཞིགས་ན་རྒྱ་ནག་ནང་ཉམ་ཐག་ཅན་དུ་ངོས་འཛིན་བྱེད་པའི་རྒྱ་མི་རིགས་ཀྱི་ཡོངས་འབབ་དེ་ལོ་རེ་རྒྱ་ནག་གི་ཤོག་སྒོར་ཆིག་སྟོང་བརྒྱ་མེད་དྲུག་བཅུ་རེ་བདུན་ཡིན་པར་བརྟེན་རྒྱ་མི་རིགས་ཚོའི་ལོ་རེའི་ཡོངས་འབབ་ཆིག་སྟོང་གསུམ་བརྒྱ་བར་སྤར་ཡོད་པ་རེད་ དེའི་རྗེས་འབྲས་སུ་རྒྱ་ནག་ནང་ཉམ་ཐག་གི་མི་སྣའི་གྲངས་འབོར་དེ་ས་ཡ་བརྒྱ་བཅུ་ཙམ་ཟིན་གྱི་ཡོད་པ་རེད་ དེ་ཡང་འཛམ་གླིང་དངུལ་ཁང་ཆེན་མོས་རྒྱལ་སྤྱིའི་ནང་ཉམ་ཐག་གི་ཡོངས་འབབ་ཚད་གཞི་ཨ་རིི་ཌོ་ལར་༡ནས་ཌོ་ལར་༡དང་ཚགས་ཉི་ཤུ་རྩ་ལྔ་བར་སྤར་བའི་གནས་སྟངས་ནས་རིམ་བཞིན་འགྱུར་བ་ཕྱིན་པ་ཞིག་ཡིན་པ་རེད་ འགྱུར་བ་དེའི་ཁྲོད་ནས་ད་ཆ་རྒྱ་ནག་ནང་ཉམ་ཐག་མི་མང་ས་ཡ་བརྒྱད་བཅུ་ཙམ་ཡོད་པ་ནས་ད་དུང་འཕར་ཆ་ཆེན་པོ་འགྲོ་རྒྱུ་ཡིན་པ་དང་རྒྱ་ནག་ནང་ད་དུང་མི་མང་ས་ཡ་མང་པོ་ཉམ་ཐག་གི་གནས་སྟངས་དང་གཅིག་འགྱུར་གྱིས་གནས་བཞིན་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཉམ་ཐག་མི་མང་ཚོའི་ཐོག་རོགས་རམ་བྱེད་རྒྱུའི་འཆར་གཞིའི་ནང་ཁོང་ཚོར་སྡོང་ཁང་གི་མཐུན་འགྱུར་བྱེད་རྒྱུའི་ཐོག་འཚོ་གནས་ཀྱི་ལས་ཀ་འཚོལ་ཐབས་དང་འཕྲོད་བསྟེན་གྱི་གནས་སྟངས་ཐོག་ཏུ་རོགས་རམ་བྱེད་རྒྱུ་སོགས་ཡིན་པ་རེད་ སྤྱིར་བཏང་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་ནང་རྒྱ་ནག་ནང་དཔལ་འབྱོར་གྱི་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ཀྱང་རྒྱ་ནག་མི་མང་ནང་ཁུལ་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པར་བརྟེན་དེའི་བརྒྱུད་རིམ་ནས་རྒྱ་ནག་གི་སྤྱི་ཚོགས་ནང་དཀའ་རྙོག་ཡོང་རྒྱུར་རྒྱ་ནག་གི་དཔོན་རིགས་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད་