རྒྱ་ནག་གི་སྲིད་འཛིན་ཞེ་ཡིས་ཨ་མི་རི་ཀར་སྐོར་ནས་ཉེན་བརྡ་བཏང་བ།
2014.05.21
རྒྱལ་ཁབ་གཞན་པས་གླིང་ཆེན་ཨེ་ཤེ་ཡའི་ནང་དམག་དོན་གྱི་མཐུན་ཕྱོགས་བཟོས་ན་འགྲིག་གི་མེད་སྐོར་རྒྱ་ནག་གི་སྲིད་འཛིན་གྱིས་གསུངས་འདུག
དེ་ཡང་སྤྱི་ཚེས་༢༡ཉིན་རྒྱ་ནག་གི་གྲོང་ཁྱེར་Shanghaiནང་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་བདེ་འཇགས་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་Xi Jinpingགྱིས་གཏམ་བཤད་གནང་སྐབས། ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་རྒྱ་ནག་གིས་མངའ་ཁུལ་བདག་དབང་གི་རྩོད་རྙོག་དེ་དག་ཞི་བའི་ལམ་ནས་སེལ་ཐབས་བྱ་རྒྱུ་ཡིན་པ་དང་། ཕྱོགས་གསུམ་པ་ཞིག་ལ་འབེན་བཙུགས་བྱས་ནས་དམག་དོན་གྱི་མཐུན་ཕྱོགས་བཟོས་པ་ཡིན་ན། དེ་ནི་ཐོུང་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་དུ་འགྱུར་རྒྱུ་མིན་ཅེས་སྐོར་ནས་རྒྱལ་ཁབ་གཞན་པས་གླིང་ཆེན་ཨེ་ཤི་ཡའི་ནང་དམག་དོན་གྱི་མཐུན་ཕྱོགས་བཟོས་ན་འགྲིག་གི་མེད་ཚུལ་ཨ་རིར་ཉེན་བརྡ་བཏང་འདུག
ཨེ་ཤེ་ཡའི་ཐོག་འཛིན་པའི་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་བྱུས་ལ་རྒྱ་ནག་གིས་ཁ་གཏད་བཅག་གི་ཡོད་ནའང་། ཁྱིམ་མཚེས་རྒྱལ་ཁབ་Vietnam དང་། ཉི་ཧོང། ཕི་ལི་པིན་བཅས་དང་རྒྱ་ནག་བར་གླིང་ཕྲན་ཁག་གི་བདག་དབང་ཐད་རྕོད་གཞི་ཡོད་པ་དང་། ཉི་ཧོང་དང་ཕི་ལི་པིན་གཉིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཡིན་པ་རེད། ལྷག་པར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ནང་ཨ་རི་དང་དུས་ཡུན་རིང་པོ་ནས་མཐུན་ཕྱོགས་ཡིན་པ་ཉི་ཧོང་རྒྱལ་ཁབ་ཀྱི་ས་ཐོག་ཨ་མི་རི་ཀའི་དམག་གི་རྟེན་གཞི་ཡོད་པ་མ་ཟད། ཉི་ཧོང་གི་བདེ་འཇགས་ལ་ཨ་རིས་སྲུང་སྐྱོབ་གནང་རྒྱུའི་རྒྱལ་ཁབ་གཉིས་དབར་མཐུན་གྲོས་ཀྱང་བཞག་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།