རྒྱ་ནག་གིས་མཁའ་དབྱིངས་སུ་འཁོར་སྐར་བེད་སྤྱོད་ཐུབ་ཐབས།
2010.01.18
༄༅༎རྒྱ་ནག་གཞུང་གིས་པེ་དྲུའུ་(Beidou)ཟེར་བའི་བཅོས་མའི་སྒྱུ་སྐར་མཁའ་དབྱིངས་སུ་བཏང་ནས་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ནང་རང་ཉིད་ཀྱི་མཁའ་དབྱིངས་འཁོར་སྐར་བེད་སྤྱོད་ཐུབ་ཐབས་བཟོ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་འདུག་
དེ་ཡང་རྒྱ་ནག་གི་ཤིའི་ཁྲང་མི་བཟོས་སྲུང་སྐར་ལྟེ་གནས་ཁང་ནས་ཕྱི་ཚེས་༡༧ཉིན་པེ་དྲུའུ་(Beidou)ཞེས་འབོད་པའི་བཅོས་མའི་སྒྱུ་སྐར་ཐེངས་གསུམ་པ་དེ་མཁའ་དབྱིངས་སུ་བཏང་ཡོད་ཅིང་དེ་ནི་ད་ལོ་ལོ་གསར་པ་ཤར་བའི་རྗེས་རྒྱ་ནག་གིས་མཁའ་དབྱིངས་སུ་བཅོས་མའི་སྒྱུ་སྐར་གཏོང་ཐེངས་ཐོག་མ་དེ་ཡིན་པ་དང་འཆར་གཞི་ལྟར་ན་ཕྱི་ལོ་ཉིས་སྟོང་༡༢ལོའི་ཙམ་དུ་གོང་ཞུས་བཅོས་མའི་སྒྱུ་སྐར་དེ་རིགས་བརྒྱུད་ནས་ ཨི་ཤི་ཡའི་མངའ་ཁུལ་དུ་གསར་འགྱུར་བརྒྱུད་ལམ་སོགས་གནས་ཚུལ་ཁྱབ་སྤེལ་ཐུབ་ཐབས་དང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་སུ་པེ་དྲུའུ་འཁོར་སྐར་གྱིས་ཕྱོགས་སྟོན་མ་ལག་བཟོ་སྐྲུན་ཐུབ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད་
རྒྱ་ནག་གཞུང་གིས་ཨ་རི་དང་ར་ཤི་ཡར་དང་འདྲ་བར་མཁའ་དབྱིངས་བཅོས་མའི་སྒྱུ་སྐར་བརྒྱུད་ནས་ས་ཁྲ་དང་ གནམ་གཤིས་ བདེ་འཇགས་སོགས་ཀྱི་ལས་དོན་གྲུབ་ཀྱི་ཡོད་པ་ལྟར་གཅིག་མཚུངས་བྱེད་ཐུབ་པའི་རེ་བ་བྱས་ཏེ་ཕྱི་ལོ་ཉིས་སྟོང་བདུན་ལོ་ནས་བཟུང་རྒྱ་ནག་དམག་དཔུང་གི་བཅོས་མའི་སྒྱུ་སྐར་གྱི་ཚན་རིག་ལག་རྩལ་ཡར་རྒྱས་ཆེན་པོ་བཏང་ནས་མཁའ་དབྱིངས་སུ་པེ་དྲུའུ་(Beidou)ཟེར་བའི་རྒྱ་ནག་རང་ཉིད་ཀྱི་སྲུང་སྐར་གཏོང་འགོ་ཚུགས་ནས་རྒྱ་ནག་ཡང་ཨ་རི་དང་ར་ཤི་ཡའི་རྗེས་རང་ཉིད་ཀྱི་བཏང་འཛིན་ཐུབ་པའི་ཕྱོགས་སྟོན་སྲུང་སྐར་མ་ལག་ཡོད་པའི་རྒྱལ་ཁབ་གསུམ་པ་དེ་ཆགས་ཡོད་པ་མ་ཟད་ཨི་ཤི་ཡ་དང་ཐ་ན་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་སྲུང་སྐར་བརྒྱུད་ནས་ཕྱོགས་སྟོན་ས་ཁྲ་དང་གསར་འགྱུར་བརྒྱུད་ལམ་སོགས་བེད་སྤྱོད་ཐུབ་རྒྱུའི་ལམ་བུར་འབད་བརྩོན་བྱེད་བཞིན་ཡོད་པ་དང་ཡིན་ནའི་དམག་དོན་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་མཁའ་དབྱིངས་སུ་མི་བཟོས་སྲུང་སྐོར་མང་པོ་གཏོང་ཐབས་བྱ་གི་ཡོད་པ་དེས་མཁའ་དབྱིངས་སྒྱུ་སྐར་ནང་ཡོད་པའི་ཕྱི་རྒྱལ་ཡུལ་ཁག་གི་མི་བཟོས་སྲུང་སྐར་ལ་གནོད་ཚབས་བཟོ་སྲིད་པ་མ་ཟད་རྒྱ་ནག་གཞུང་གིས་མཁའ་དབྱིངས་སུ་བཏང་བའི་སྲུང་སྐར་དེ་ཚོ་བརྒྱུད་ནས་ཐའེ་ལྦན་ཐོག་དྲག་པོའི་དམག་འཐབ་ཡོང་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད་།