རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མེ་ཤུགས་འཕུར་མདེལ་སྒྲིག་འཇོག་བྱས་འདུག
2018.05.03
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྲུ་གཟིངས་སྟེང་མེ་ཤུགས་འཕུར་མདེལ་སྒྲིག་འཇོག་བྱས་ཡོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་(Spratly) མཚོ་གླིང་གི་ས་སྲུང་ཁང་ཁག་གསུམ་དུ། རྒྱ་ནག་གིས་མཚོ་དམག་གྲུ་གཟིངས་ཀྱི་ཚུར་རྒོལ་འགོག་སྲུང་དང་། དེ་བཞིན་གྲུ་ཐོག་ནས་མཁའ་དབྱིངས་སུ་གཏོང་བའི་མེ་ཤུགས་འཕུར་མདེལ་སྒྲིག་འཇོག་བྱས་ཡོད་པ་རོ་ཨི་ཀྲར་གསར་ལས་ཁང་གིས་ཨ་རིའི་(CNBC) བརྙན་འཕྲིན་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་འདུག
གལ་ཏེ་རྒྱ་ནག་གཞུང་གིས་དངོས་སུ་མེ་ཤུགས་འཕུར་མདེལ་སྒྲིག་འཇོག་བྱས་ཡོད་ཚེ་འདི་ནི་(Vietnam) དང་། ཐེ་ཝན། རྒྱ་ནག་བཅས་ཀྱི་དབར་རྩོད་གཞི་ཅན་གྱི་མཚོ་ཁུལ་དེའི་ནང་། རྒྱ་ནག་གི་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག གནས་ཚུལ་འདིའི་སྐོར་རོ་ཨི་ཀྲར་གསར་ལས་ཁང་གིས་རྒྱ་ནག་གི་རྒྱལ་སྲུང་ལས་ཁུངས་ལ་འདྲི་རྩད་བྱེད་སྐབས་ཡ་ལན་གང་ཡང་བྱས་མེད་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་(Spratly)་མཚོ་གླིང་ཐོག་རྒྱ་ནག་གི་བདག་དབང་ཆ་ཚང་ཡོད་ལུགས་དང་། མཚོ་གླིང་དེའི་ནང་གོ་མཚོན་སྒྲིག་འཇོག་དང་འབྲེལ་བའི་ལས་འཆར་ཡོངས་རྗོགས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཡིན་པ་ལས་རྒྱལ་ཁབ་གཞན་ལ་དམིགས་བཙུགས་བྱས་པ་ཞིག་མིན་ལུགས་འགྲེལ་བརྗོད་བྱས་འདུག
ཨ་རིའི་(CNBC)་བརྙན་འཕྲིན་ལས་ཁང་གིས་མིང་འདོན་མ་བྱས་པའི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་པ་ལུང་འདྲེན་བྱས་དོན་ལྟར་ན། ཨ་རིའི་གསང་བའི་ལས་ཁང་གིས་ཚོད་དཔག་ནང་། རྒྱ་ནག་གིས་(Spratly)མཚོ་གླིང་ཁུལ་གྱི་(Fiery Cross Reef)དང་། (Subi Reef) དེ་བཞིན་(Mischief Reef)ཞེས་མཚོ་འོག་བྲག་རི་ཅན་གྱི་ས་གནས་ཁག་གསུམ་ནང་། མེ་ཤུགས་འཕུར་མདེལ་དེ་དག་འདས་པའི་ཉིན་གྲངས་༣༠ནང་ཚུད་དུ་འབོར་འདྲེན་བྱས་པ་ཞིག་ཡིན་འདུག་ཅིང་། ཨ་རིའི་ངོས་ནས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་གོ་མཚོན་འགྲེམས་འཇོག་གི་ལས་འཆར་ལ་དགག་པ་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ད་རེས་ལྷོ་རྒྱ་ནག་རྒྱ་མཚོའི་(Spratly)མཚོ་ཁུལ་དུ་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་པའི་གནས་ཚུལ་ཐད་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་གསང་བའི་གནད་དོན་དང་འབྲེལ་ཆགས་ཡིན་སྟབས། འདི་རིགས་ལ་ཡོངས་ཁྱབ་གང་ཡང་འགྲེལ་བརྗོད་བྱ་རྒྱུ་མིན་ལུགས་བརྗོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།