རྒྱ་ནག་གི་རྒྱུད་ཅིག་ལམ་ཅིག་ལས་འཆར་ལ་རྒྱ་གར་གྱིས་རྒྱབ་སྐྱོར་བྱས་མི་འདུག
སླར་ཡང་རྒྱ་གར་གཞུང་གིས་རྒྱ་ནག་གི་རྒྱུད་ཅིག་ལམ་ཅིག་ཞེས་པའི་ལས་འཆར་ལ་རྒྱབ་སྐྱོར་མེད་པ་བརྗོད་འདུག
སྤྱི་ཟླ་༡༡པའི་ཚེས་༣༠གཟའ་ཟླ་བའི་ཉིན་(Shanghai Cooperation Organisation)འམ་ཧྲང་ཧའེ་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་རྒྱ་གར་གྱི་མགྲོན་བདག་བྱས་པའི་ཐོག་བསྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚོགས་མི་ཚོས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ལས་དོན་ཁག་ཅིག་བསྒྱུར་བཅོས་གཏོང་ཐབས་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཚོང་དོན་གྱི་གནད་དོན་ཐད་ཕྱི་གསལ་ནང་གསལ་དང་། གུ་ཡངས། འདྲ་མཉམ་གྱི་ཁེ་ཕན་ཡོད་པ་དགོས་ལུགས་ཀྱི་གནད་དོན་ཁག་ལ་མོས་མཐུན་བྱུང་བའི་མཐའ་མའི་བསྒྲགས་གཏམ་བཏོན་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལ་
པ་ཀི་སི་ཐན་དང་། ཀ་ཛ་ཀི་སི་ཐན། ཀིར་ཀི་སི་ཐན། ར་ཤེ་ཡ། ཨུཛ་བྷེ་ཀི་སི་ཐན། ཏ་ཇ་ཀི་སི་ཐན་བཅས་ཀྱིས་རྒྱབ་སྐྱོར་བྱས་ཡོད་ཀྱང་། རྒྱ་གར་གྱིས་སླར་ཡང་རྒྱབ་སྐྱོར་བྱས་མེད་པ་རེད།
རྒྱུད་ཅིག་ལམ་ཅིག་གི་ལས་འཆར་འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་བྱ་རྒྱུའི་འཆར་སྣང་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་ངོས་ནས་ད་བར་དེར་རྒྱབ་སྐྱོར་བྱས་མེད་ཅིང་། རྒྱ་གར་གཞུང་གིས་རྒྱུད་ཅིག་ལམ་ཅིག་གི་ལས་འཆར་དེའི་ཐོག་ནས་རྒྱ་གར་གྱི་ཚོང་དོན་ཐོག་ཁེ་ཕན་མེད་ལུགས་དང་། གཉིས་ནས་རྒྱུད་ཅིག་ལམ་ཅིག་ཟེར་བའི་འཆར་གཞི་དེའི་རྒྱུད་ལམ་པ་ཀི་སི་ཐན་གྱི་རྩོད་གཞི་ཅན་གྱི་ཀ་ཤི་མིར་མངའ་ཁུལ་འཁེལ་གྱི་ཡོད་པས་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད། དཔེར་ན་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་སྐུ་ཞབས་(Vishnu Prakash)ལགས་ཀྱིས་རྒྱ་གར་གྱི་སླར་ཡང་རྒྱ་ནག་གི་རྒྱུད་ཅིག་ལམ་ཅིག་གི་འཆར་གཞིར་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་ནི་གཅིག་ནས་ད་ཐེངས་ཀྱི་ཚོགས་འདུ་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཡག་པོ་མེད་པའི་དུས་སྐབས་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་འབྲེལ་བའི་ཐོག་ནས་ཡིན་ལུགས་གསུངས་འདུག