༢༠༢༣ལོའི་འཛམ་གླིང་སྟེང་གི་རྒྱ་ནག་ཅེས་པའི་ཉམས་ཞིབ་ཚོགས་འདུ།

2023.12.05
༢༠༢༣ལོའི་འཛམ་གླིང་སྟེང་གི་རྒྱ་ནག་ཅེས་པའི་ཉམས་ཞིབ་ཚོགས་འདུ། ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་སྐབས།
བློ་བཟང་དབྱངས་མཚོ་ལགས་ཀྱི་ x ཞེས་པའི་དྲྭ་ཚིགས།

རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་ལ་ཆབ་སྲིད་ཉམས་ཞིབ་པ་མང་དག་ཅིག་ནས་སེམས་འཚབ་བྱ་ཡུལ་དུ་གྱུར་ཡོད་ཅིང་། མང་གཙོ་དོན་གཉེར་བ་མང་དག་ཅིག་ནས་ཀྱང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྤེལ་བཞིན་ཡོད་ལ། རྒྱ་ནག་དང་འབྲེལ་བའི་ཉམས་ཞིབ་ལྟེ་གནས་ཁང་མང་དག་ཅིག་ནས་རྒྱུན་དུ་རྒྱ་ནག་གི་ཆབ་སྲིད་སྐོར་བགྲོ་གླེང་དང་ཚོགས་འདུ་ཁག་འཚོགས་བཞིན་ཡོད་པ་ལྟར། འདི་ཚེས་ ༥ ནས་ ༧ བར་ཐེ་ཝན་ནང་རྟེན་གཞི་བྱས་པའི་ Doublethink Lab ཉམས་ཞིབ་ལྟེ་གནས་ཁང་ནས་ China in the World 2023 འམ་ཕྱི་ལོ་༢༠༢༣ལོའི་འཛམ་གླིང་སྟེང་གི་རྒྱ་ནག་ཅེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་པ་༣༠༠ལྷག་བསྐོང་ཚོགས་ཀྱིས་གཏམ་བཤད་དང་བགྲོ་གླེང་གནང་གི་ཡོད་པའི་ཁོངས་སུ། བོད་པའི་ཉམས་ཞིབ་པ་བཞི་མཉམ་བཞུགས་གནང་ཡོད་ཅིང་། འབུམ་རམས་པ་ཨ་ཕ་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སྲོལ་རྒྱུན་དང་དེང་དུས་འཕྲུལ་རིགས་བེད་སྤྱོད་བྱེད་དེ། བོད་མི་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་ཇི་ལྟར་བྱེད་བཞིན་ཡོད་པའི་སྐོར་གཏམ་བཤད་གནང་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

GAmNHFQaIAAjnh5.jpg
ཐེ་ཝན་ནང་རྟེན་གཞི་བྱས་པའི་ Doublethink Lab ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་དེ་ནི་ཕྱི་ལོ་༢༠༡༩ལོར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ཉམས་ཞིབ་ཁང་དེའི་ཉམས་ཞིབ་ཀྱི་དམིགས་ཡུལ་གཙོ་བོ་ནི། འཁྲུག་ཆ་ཆེ་བའི་སྤྱི་ཚོགས་དྲྭ་རྒྱའི་དུས་སྐབས་འདིར། དྲྭ་རྒྱའི་བདེ་འཇགས་བརྒྱུད་མང་གཙོའི་གོ་རྟོགས་ཁྱབ་སྤེལ་བྱ་རྒྱུ་དེ་ཆགས་ཀྱི་འདུག ཐེངས་འདིའི་ཚོགས་འདུའི་སྟེང་ཉམས་ཞིབ་པ་༣༠༠ལྷག་མགྲོན་འབོད་ཀྱིས། གཏམ་བཤད་ཀྱི་སྡེ་ཚན་ཁག་༩༠ཙམ་ལ་འགོས་ཡོད་པ་རེད་འདུག
གཞན་ཡང་ཉམས་ཞིབ་པ་འདུ་འཛོམས་ཀྱི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་སྐབས། འདི་ལོར་ཐེ་ཝན་ནང་སྲིད་འཛིན་གྱི་འོས་བསྡུ་འགྲོ་བཞིན་པའི་སྐབས། རྒྱ་ནག་གཞུང་གིས་ང་ཚོའི་འོས་བསྡུའི་བརྒྱུད་རིམ་ནང་ཐེ་བྱུས་ཆེན་པོ་ཞིག་བྱེད་བཞིན་ཡོད། ང་ཚོས་ཐེ་ཝན་གྱི་མང་གཙོའི་འཕེལ་རིམ་ལ་དགའ་བསུ་ཞུ་བཞིན་ཡོད་ནའང་། ང་ཚོའི་མདུན་ཕྱོགས་སུ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་དེ་ཁ་གཏད་དུ་ཡོད། ང་ཚོས་དུས་རྒྱུན་དུ་རྒྱ་ནག་གི་བྱ་སྤྱོད་རིགས་ལ་གདོང་ལེན་བྱེད་བཞིན་ཡོད། ཐེ་ཝན་ནི་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱ་ཡུལ་ཙམ་མ་ཡིན་པར། དམག་གི་འཇིགས་སྐུལ་བྱ་ཡུལ་དེ་ཡང་ཆགས་ཀྱི་ཡོད་ཅེས་གསུངས་འདུག ཐེངས་འདིའི་ཉམས་ཞིབ་པའི་ཚོགས་འདུའི་སྟེང་བོད་རིགས་ཉམས་ཞིབ་པ་གཞན་གསུམ་ནི། འབུམ་རམས་པ་འཇིགས་མེད་ཡེ་ཤེས་ལགས། འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་དང་། ཉམས་ཞིབ་པ་སྒྲོལ་མ་ཚེ་རིང་བཅས་ཡིན་འདུག
དེ་ཡང་བོད་རིགས་ཉམས་ཞིབ་པ་རྣམས་ཀྱི་གཏམ་བཤད་སྐབས། ཚོགས་ཁང་ཁེངས་ནས་ཚོགས་བཅར་བ་ཁག་ཅིག་ཡར་ལངས་ནས་ཉན་དགོས་བྱུང་བ་དང་ཚོགས་བཅར་བས་དོ་སྣང་ཆེན་པོས་བསམ་ཚུལ་བརྗེ་ལེན་ཞུས་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པའི་སྐོར་འབུམ་རམས་པ་ཨ་ཕ་ལྷ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཐེ་ཝན་གཞུང་ཕྱོགས་ནས་རྒྱ་ནག་གི་འཇིགས་སྐུལ་ལ་མ་བལྟོས་པར། མང་གཙོ་དང་འབྲེལ་བའི་ཚོགས་འདུའི་རིགས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད། དཔེར་ན། ཉེ་ལམ་ཐེ་ཝན་ནང་ Oslo Freedom Forum ཚོགས་ཡོད་ཅིང་། གླེང་སྟེགས་དེའི་སྟེང་བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོ་ལགས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎