ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཚེས་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་འཁྲུངས་སྐར་སྲུང་བརྩི་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག

2022.08.04
ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཚེས་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་འཁྲུངས་སྐར་སྲུང་བརྩི་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་པར་རིས། ཟླ་ཚེས་མི་གསལ།
Photo: RFA

ཕྱི་ཟླ་༨ཚེས་༨སྟེ་སྐྱབས་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཚེས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་རྔ་བ་དང་མཛོད་དགེ་ཕྱོགས་ཀྱི་ས་ཁུལ་ཕལ་ཆེ་བའི་ནང་ས་གནས་མགོ་ཁྲིད་བརྒྱུད། ཕྱི་ཟླ་༨པའི་ནང་མི་མང་ནས་དྲ་ལམ་ཁག་ཏུ་ཀིརྟི་རིན་པོ་ཆེའི་པར་རིས་བརྒྱུད་བསྐུར་དང་། ཁོང་གི་མཚན་ནས་འབོད་པ་སོགས་རྩ་ནས་མི་ཆོག་པ་དང་། སྲིད་གཞུང་གིས་མི་རེ་རེར་རྗེས་འདེད་བྱས་ཡོད་པས་གནས་ཚུལ་དེ་ལྟ་བུ་བྱུང་བ་ཡིན་ན། ཛ་དྲག་གིས་འཛིན་བཟུང་དང་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་སོགས་སུ་དགེ་འདུན་པ་ཚོ་དགོན་པའི་ཕྱི་ལ་འབུད་མི་ཆོག་པ་དང་། མི་མང་ལ་འདུ་འཛོམས་རིགས་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དང་། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་སྔར་ལོ་ཀི་རྟི་རིན་པོ་ཆེའི་བརྒྱད་ཅུའི་འཁྲུངས་སྐར་དེ་བཞིན་བོད་ནང་དམ་དྲག་ཡོང་གཞིར་དོགས་ནས་རྒྱ་ཆེན་པོ་སྲུང་བརྩི་བྱས་མེད་པ་དང་། འདི་ལོ་བོད་ཕྱི་ནང་གཉིས་ནས་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞིག་ཞུ་འཆར་ཡོད་པའི་རྐྱེན་གྱིས། རྔ་བ་དང་མཛོད་དགེ་ཕྱོགས་སུ་དམ་དྲགས་ཆེན་པོ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་བོད་ནང་གི་བོད་མི་ཚོས་སྐད་འཕྲིན་ཚོགས་པ་ཁག་ནང་དེ་འབྲེལ་གྱི་བརྡ་ཁྱབ་ཡི་གེ་ཞིག་བསྐུར་བཞིན་པའི་ནང་། ཀིརྟི་ཚང་གི་འཁྲུངས་སྐར་སྐབས་དྲ་ལམ་ནས་སྐད་ཆ་འདྲ་མིན་བཤད་མི་ཉན་པ་མ་ཟད། ཁོང་གི་མཚན་ནས་འབོད་པ་དང་བླ་མས་འཁྲུངས་སྐར་ཞེས་བཤད་མི་ཉན་པ། དམིགས་བསལ་གྱི་དུས་ཚིགས་ཤིག་ཏུ་འཁེལ་ཡོད་པས་ཀུན་གྱིས་ཡིད་གཟབ་དགོས་པའི་དྲན་སྐུལ་བྱེད་བཞིན་འདུག་ལ། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་རྔ་བ་ཕྱོགས་སུ་དེང་སྐབས་དམ་དྲགས་ཤུགས་ཆེ་རུ་བཏང་ཡོད་པ་དང་། གཙོ་བོ་རྒྱ་ནག་གི་ཚོགས་ཆེན་༢༠་པ་ཚོགས་གྲབས་ཡོད་པས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ལོ་ལྟར་སྐྱབས་རྗེས་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དེ་བཞིན་བོད་ནང་དང་རྒྱ་བལ་གཉིས་ནང་དགེ་སྒྲུབ་ཚོགས་བསག་སྦྱིན་གཏོང་སོགས་ཀྱིས་སྲུང་བརྩི་གནང་སྲོལ་ཡོད་པ་རེད་ལ། བོད་ནང་ལྟ་བུར་མཚོན་ན་ཀིརྟི་དགོན་སྟག་ཚང་ལྷ་མོ་དགོན་གཙོས་དགོན་མ་ལག་༡༨ཡོད་པ་ཚང་མས་སྲུང་བརྩི་གནང་སྲོལ་ཡོད་པ་དང་། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་དམ་དྲག་རྐྱེན་གྱིས་མི་མང་འདུ་འཛོམས་སོགས་གང་ཡང་བྱེད་བཅུག་གི་མེད་པ་དང་། ཕྱི་ལོ་༢༠༡༨་དང་༢༠༢༡ལོར་གཉིས་ལ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ངོས་ནས་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་མི་མང་གི་འགྲོ་འདུག་ལ་ལྟ་རྟོག་དང་དམ་དྲགས་ཤུགས་ཆེ་རུ་བཏང་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎