ཨོ་བྷ་མའི་གཏམ་བཤད་ལ་རྒྱ་ནག་གིས་དོགས་ཟོན་ངང་ཡ་ལན་སྤྲད་པ།
2014.09.11
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གནམ་དམག་ལ་སི་རི་ཡའི་ནང་གི་འཇིཊ་སྐུལ་བའི་བསྟི་གནས་གཏོར་རྒོལ་གཏོང་ཆོག་པའི་བཀའ་ཁྲོལ་གནང་འདུག
དེར་རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོའི་ངང་ནས་ཡ་ལན་སྤྲད་པའི་གནས་ཚུལ་འདུག དེ་ཡང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་གནམ་དམག་ལ་སི་རི་ཡའི་ནང་གནམ་ཐོག་ནས་འཇིགས་སྐུལ་བའི་བསྟི་གནས་ཐོག་གཏོར་རྒོལ་གཏོང་ཆོག་པའི་བཀའ་ཁྲོལ་ཐོག་མ་དེ་ཁ་ས་གནང་ཡོད་པ་དང་། དེ་བཞིན་ཨི་རག་ནང་ལའང་འཇིགས་སྐུལ་བ་རྩ་མེད་བཟོ་རྒྱུའི་ཆེད་གནམ་ཐོག་ནས་རྒོལ་རྡུང་གཏོང་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གཏམ་བཤད་གནང་བ་དང་། ཨ་མི་རི་ཀས་སྣེ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ISISཞེས་པའི་ཨི་རག་དང་སི་རི་ཡའི་འཇིགས་སྐུལ་ཚོགས་པ་རྩ་མེད་བཟོ་ཐབས་སུ་མཉམ་ལས་གནང་དགོས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་བདག་དབང་ལའང་གུས་བཀུར་ཞུ་དགོས་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད། དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧུ་ཁྲུན་ཡིང་ལ་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་སར་ཨ་རིའི་སྲིད་འཛིན་Obamaམཆོག་གི་གསུང་བཤད་ཐོག་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར་ཁོང་གིས། རྒྱལ་སྤྱིའི་ནང་འཇིགས་སྐུལ་བའི་ཉེན་ཁ་དེ་ནི་རྒྱལ་སྤྱིའི་ངོས་ནས་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་བྱེད་རྒྱུའི་ལས་འགུལ་གསར་པ་ཞིག་རེད། རྒྱ་ནག་གཞུང་གིས་འཇིགས་སྐུལ་གྱི་ལས་འགུལ་གང་འདྲ་ཞིག་ཡིན་ཀྱང་དེར་ངོ་རྒོལ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ངོས་ནས་མཉམ་རུབ་ཀྱི་ཐོག་ནས་འཇིགས་སྐུལ་བར་རྒོལ་རྡུང་གཏོང་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་རྒྱལ་ཁབ་ཀྱི་རྒྱལ་ནང་བདེ་སྲུང་དང་ཞི་བདེ་ལྷིང་འཇགས་ཐོག་རྒྱབ་སྐྱོར་དང་འབད་བརྩོན་གནང་རྒྱུ་དེ་ཡང་གལ་ཆེ་ཡིན་ལུགས་བཤད་འདུག རྒྱ་ནག་གཞུང་གིས་ཨི་རག་ནང་ISISའཇིགས་སྐུལ་ཚོགས་པའི་དྲག་སྤྱོད་ཆེ་རུ་འགྲོ་བཞིན་པར་བློ་འཚབ་ཡོད་ལུགས་ཡང་ཡང་བཤད་ཀྱི་ཡོད་ཀྱང་སི་རི་ཡའི་ནང་ཕྱིའི་རྒྱལ་ཁབ་ཀྱི་དམག་མི་གཏོང་རྒྱུར་མུ་མཐུད་ནས་ངོ་རྒོལ་བྱེད་བཞིན་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།