རྒྱ་ནག་གཞུང་གིས་བོད་མི་ཚོར་བསམ་ཚུལ་བསྡུ་ལེན་བྱེད་བཞིན་པ་ནི་མི་མང་གི་བསམ་བློ་ལྟ་ཚོད་ཆེད་ཡིན་པའི་དོགས་གཞི་བྱེད་མཁན་ཡོད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག

2024.10.22
རྒྱ་ནག་གཞུང་གིས་བོད་མི་ཚོར་བསམ་ཚུལ་བསྡུ་ལེན་བྱེད་བཞིན་པ་ནི་མི་མང་གི་བསམ་བློ་ལྟ་ཚོད་ཆེད་ཡིན་པའི་དོགས་གཞི་བྱེད་མཁན་ཡོད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཚོང་ལས་གཉེར་བཞིན་པའི་པར་རིས། ༢༠༡༢།༠༩།༡༦ ཉིན།
Reuters

ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བས་བརྡ་ཁྱབ་ཅིག་བཏང་སྟེ། ༢༠༢༥  ལོའི་སྲིད་གཞུང་གི་ལས་དོན་འཆར་འགོད་ཆེད་དང་། སྲིད་གཞུང་གི་ལས་དོན་སྐོར་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ༢༠༢༣ ལོར་སློབ་ཆེན་ཁག་ཏུ་བོད་རིགས་སློབ་མ་ཚོས་སློབ་མཐར་ཕྱིན་རྗེས། བོད་ཡིག་ཆེད་སྦྱོང་བྱེད་མཁན་ཚོར་ལས་ཀ་མི་རག་པའི་དཀའ་ངལ་ཡོད་པའི་བསམ་ཚུལ་ཕུལ་མཁན་ཡོད་ན་ཡང་། རྗེས་སུ་བསམ་ཚུལ་དེ་རིགས་ལག་ལག་བསྟར་བྱ་རྒྱུ་ཕར་ཟད་ཇེ་སྡུག་ལྟ་བུ་ཆགས་ཀྱི་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་ངོས་ནས་མི་མང་ལ་མགོ་གཡོགས་ཐབས་ལྟ་བུར། མི་མང་ལྟེ་བ་ཡིན་སྐོར་སོགས་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ། མི་མང་གི་བསམ་ཚུལ་བསྡུ་ལེན་ལྟ་བུ་བྱེད་བཞིན་ཡོད་པ་དང་། བོད་མི་ཚོས་བསམ་ཚུལ་དངོས་ཤིག་ཡོད་ན་བཤད་ཕོད་པ་མ་རེད་ལ་བཤད་ས་ཡང་མེད་པ་དང་། སྤྱིར་མི་མང་དཀྱུས་མའི་ཁྲོད་དུ་བསམ་ཚུལ་ཕུལ་མཁན་བྱུང་གི་ཡོད་མེད་ཤེས་རྟོགས་མེད་ལ། དེ་སྔ་སློབ་ཆེན་དུ་ཡོད་སྐབས་སློབ་མ་མང་པོས་བསམ་ཚུལ་ཕུལ་བཞིན་ཡོད་པ་མཐོང་ཐོས་བྱུང་ན་ཡང་། རྗེས་སུ་ལག་ལེན་དང་གོ་ཐོས་གསལ་བཤད་གང་ཡང་མེད་པ་དང་། ལ་ཤས་ཀྱིས་བསམ་ཚུལ་དེ་རིགས་མི་མང་གི་བསམ་བློའི་ནང་ག་རེ་ཡོད་མེད་ལྟ་ཚོད་ཆེད་ཡིན་པའི་དོགས་གཞི་བྱེད་མཁན་བྱུང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

ཡང་འབྲེལ་ཡོད་གཞན་ཞིག་ནས་བསམ་ཚུལ་དེ་རིགས་ཕྱི་ལོ་ ༢༠༢༡ ནས་བཟུང་མགོ་ཚུགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བའི་ཁྲོད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་མང་ཁྲོད་བསམ་ཚུལ་བསྡུ་ལེན་གྱི་བརྡ་ཁྱབ་དེ་ཕྱི་ལོ་ ༢༠༢༢ ནས་བཟུང་བྱས་ཡོད་པ་དང་། བསམ་ཚུལ་དེ་རིགས་སྲིད་གཞུང་གི་སྲིད་བྱུས་གཏན་འབེབས་ཆེད་དང་། བོད་རང་སྐྱོང་ལྗོངས་ནང་ཡུན་རིང་བརྟན་བརླིང་ཆེད་ཡིན་པ་སོགས་བརྗོད་ཀྱི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ (Takshashila) ལྟེ་གནས་ཁང་གི་རྒྱ་ནག་ཐད་ཉམས་ཞིབ་མཁན་ (Anushka Saxena) ལགས་ནས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་མི་མང་ལ་བསམ་ཚུལ་བསྡུ་ལེན་བྱེད་བཞིན་པ་དེས། མི་མང་ལ་དབུས་གཞུང་གིས་སྤྲད་པའི་དབང་ཆ་ལས། གཞན་པའི་མི་མང་ལ་ཚད་མཐོའི་མང་གཙོ་དང་ཐོབ་ཐང་དམིགས་བསལ་གང་ཡང་སྤྲོད་རྒྱུ་མེད་པ་དང་། གཙོ་བོ་ད་ལྟའི་དུས་སྐབས་སུ་མི་མང་གི་བསམ་ཚུལ་བསྡུ་ལེན་དེ་རིགས་ཀྱིས་མི་མང་གི་བསམ་ཚུལ་བཀག་བསྡོམས་བྱ་ཆེད་སྦྱོང་བརྡར་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་རྒྱ་ནག་གཞུང་ངོས་ནས་བསམ་ཚུལ་བསྡུ་ལེན་ཁྲོད་ལས་རིགས་འདྲ་མིན་གྱི་མི་མང་ཞུགས་ཆོག་པ་དང་། གཙོ་བོ་སྲིད་གཞུང་གིས་གཏན་འབེབས་བྱས་པ།  སྤྱི་ཚོགས་ཀྱི་འཛིན་སྐྱོང་དང་། དཔལ་འབྱོར་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག མཐའ་མཚམས་ཡར་རྒྱས་དང་དར་རྒྱས། མི་རིགས་དང་ཆོས་ལུགས། གྲོང་གསེབ་བསྐྱར་གསོ། ཚན་རིག་དང་འཕྲུལ་རིག་གསར་གཏོད། སྤྱི་ཚོགས་བདེ་འཇགས། ལས་ཞུགས་དང་ཁེ་ལས། རིག་གཞུང་། འཕྲོད་བསྟེན། བདེ་སྐྱིད། སྒྱུར་བཅོས་གཏིང་ཟབ་གཏོང་བ། ཚོང་ལས་ཀྱི་ཁོར་ཡུག སྲིད་གཞུང་གི་ལས་དོན་བཅས་ཀྱི་སྐོར་ལ་བསམ་ཚུལ་དགོས་སྐོར་བཤད་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎