ཨ་རིར་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་བར་རྒྱ་ནག་གིས་ངོ་རྒོལ།
2015.01.05
ཐེ་ཝན་གཅོད་ཁང་གིས་ཕྱི་ལོ་གསར་ཚེས་ཉིན་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་ཁ་སྔོན་ཕྱི་ཚེས་༡འམ་ཕྱི་ལོ་གསར་ཚེས་ཀྱི་ཉིན་མོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཐེ་ཝན་དོན་གཅོད་ལས་ཁང་གི་ཁང་སྟེང་དུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་པར་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བཀུར་བྱེད་དགོས་ཞེས་དེ་རིང་རེས་གཟའ་ཟླ་བ་ཉིན་ཨ་མི་རི་ཀའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཕོ་ཉ་ཞེས་པའི་ཐེ་ཝན་གྱི་གསར་ཤོག་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་༡༩༧༩་ལོར་ཨ་མི་རི་ཀའི་གཞུང་གིས་ཐེ་ཝན་ངོས་འཛིན་བྱེད་རྒྱུའི་ཚབ་ལ་རྒྱ་ནག་སྐམ་ས་ངོས་ལེན་བྱས་པ་ནས་ད་བར་མི་ལོ་༣༦་ནང་ཨ་མི་རི་ཀའི་ནང་ཡོད་པའི་ཐེ་ཝན་གྱི་གཞུང་ཚབ་ཆེན་མོའི་ཁང་སྟེང་དུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་བཙུགས་བྱས་པ་ཐོག་མ་དེ་ཡིན་ལུགས་གནས་ཚུལ་ནང་བཀོད་འདུག འདི་ལོའི་ཕྱི་ལོ་གསར་ཚེས་ཉིན་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་དུ་ཐེ་ཝན་སྐུ་ཚབ་དོན་གཅོད་Shen Lyushunགཙོ་བོར་གྱུར་བའི་མི་གྲངས་༡༠༠་ལྷག་ཙམ་འདུ་འཛོམས་ཀྱིས་ལོ་གསར་པའི་རྟེན་འབྲེལ་མཛད་སྒོ་གོ་བསྒྲིགས་གནང་ཡོད་པ་རེད། གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Hua Chunying ཡིས་ད་རེས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཐེ་ཝན་ངོ་ཚབ་ཁང་གི་ཁང་སྟེང་དུ་ཐེ་ཝན་གྱི་རྒྱལ་དར་འཕྱར་བའི་གནད་དོན་ཐད་ང་ཚོས་མཐའ་གཅིག་ཏུ་ཁ་གཏད་བཅོག་རྒྱུ་ཡིན་ལ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བཀུར་དང་། འགྱུར་བ་མེད་པའི་ཐོག་ནས་ངོས་ལེན་གནང་དགོས་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།