རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག

2025.01.03
རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་སྡེ་བའི་ནང་དམག་བསྡུའི་དྲིལ་བསྒྲགས་སྦྱང་བྱང་ལ་ཡུལ་མི་ཚོས་ལྟ་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་ཡོངས་དམག་བསྡུའི་ལས་འགུལ་ཞེས། རྒྱ་ནག་རྒྱལ་ཡོངས་སུ་ལོ་ན་ ༡༨ སོན་པའི་སྐྱེས་པ་ཚང་མས་ངེས་པར་དུ་དམག་བསྡུའི་ལས་འགུལ་ནང་མཉམ་ཞུགས་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་དམག་བསྡུའི་ལས་འགུལ་དང་འབྲེལ། མི་མང་ལ་ཚོགས་འདུ་ཚོགས་པ་སོགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། བོད་མི་ཚོར་ལོ་ན་སོན་ནས་དམག་བསྡུའི་ནང་མ་ཞུགས་ཚེ་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག་སོགས་ནས་ནག་བསུབ་བཏང་སྟེ། ཁྲིམས་འགལ་གྱི་མིང་ཐོ་ནག་པོའི་ནང་བཅུག་སྟེ་རྒྱལ་ཁབ་ལ་བློ་དཀར་མིན་པའི་ཁྲིམ་འགལ་མི་སྣ་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ལྷ་ས་སོགས་ནས་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ནས་བཟུང་དམག་བསྡུའི་ལས་འགུལ་སྤེལ་བཞིན་པ་མ་ཟད། སྡེ་བ་དང་གྲོང་ཚོ་ཁག་ཏུ་ཚོགས་འདུ་ཚོགས་ནས་དམག་བསྡུའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། སྤྱིར་ལོ་ན་ ༡༨ སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ན་རང་བཞིན་གྱིས་ཁྲིམས་འགལ་ཉེས་ཅན་པ་ཆགས་ཡོད་པ་བསྒྲགས་བཞིན་ཡོད་ན་ཡང་། ལྷ་ས་གྲོང་ཁྱེར་སོགས་སུ་དངོས་སུ་མི་མང་ལ་ཚོགས་འདུའི་ལམ་ནས། དམག་བསྡུའི་ཁྲོད་མི་ཞུགས་མཁན་གྱི་མི་སྣ་དེ་གཞུང་སྒེར་སུ་གཅིག་གི་ལས་ཀའི་ནང་ཞུགས་མི་ཆོག་པ། ཐོབ་ཐང་དཔང་ཡིག་དང་ཁྱིམ་ཐོ་ནག་བསུབ་གཏོང་རྒྱུ་དང་། གནམ་གྲུ་དང་མེ་འཁོར་འཛིན་བྱང་ཉོ་མི་ཐུབ་པ། དངུལ་ཁང་ནས་བུ་ལོན་གཡར་མི་ཆོག་པ། ཕྱི་སྐྱོད་ལམ་ཡིག་སོགས་རྩ་ནས་ཞུ་མི་ཆོག་པ། སྤྱི་ཚོགས་བདེ་འཇགས་འགན་བཅོལ་མེད་པ་བཟོ་རྒྱུ་མ་ཟད། ཉེས་ཅན་མིང་ཐོའི་ནང་བཅུག་རྒྱུ་ཡིན་སྐོར་སོགས་ཀྱི་འཇིགས་སྐུལ་བཙན་ཐབས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་དམག་བསྡུའི་ལས་དོན་དེ་བོད་ཀྱི་ས་ཁུལ་གང་སར་སྤེལ་བཞིན་ཡོད་ན་ཡང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བའི་ཁྲོད་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་ཀ་རྩེ། དཀར་མཛེས། ལི་ཐང་། མགོ་ལོག་དགའ་བདེ་རྫོང་སོགས་སུ་དམག་བསྡུའི་ལས་དོན་དེ་བཞིན་རྫོང་དང་། གྲོང་ཚོ། སྡེ་བ་བྱས་ཏེ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་མགོ་ལོག་དགའ་སྡེ་རྫོང་གངས་ལུང་སྡེ་བའི་ནང་། ཚོགས་འདུ་ཚོགས་ཏེ་དམག་བསྡུའི་ནང་མི་ཞུགས་མཁན་དང་གཡོལ་ཐབས་བྱེད་མཁན་ཚོར། ཁྲིམས་ལྟར་དངུལ་སྒོར་གྱི་ཉེས་ཆད་དང་འཛིན་བཟུང་བཙོན་མཇུག་སོགས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་གྱི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་དེས་དཀར་མཛེས་སོགས་སུ་ལོ་ན་བཅོ་བརྒྱད་སོན་པ། སློབ་འབྲིང་དང་མཐོ་འབྲིང་སོགས་སུ་སློབ་གྲྭར་འགྲོ་སྐྱོད་བྱེད་བཞིན་པ་ཚང་མས། སློབ་གྲྭའི་ངོས་ནས་འགན་འཁུར་འོག་ཐོ་འགོད་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་དམག་བསྡུས་ལས་འགུལ་དེ། ཕྱི་ཟླ་ ༡ ཚེས་ ༡ ནས་ཕྱི་ཟླ་ ༢ ཚེས་ ༡༠ སྤེལ་རྒྱུ་ཡིན་པ་བསྒྲགས་འདུག་ལ། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་འབྲེལ་རྒྱལ་ཁབ་དམག་བསྡུའི་དྲ་རྒྱ་ཞེས་པའི་སྟེང་གནས་ཚུལ་སྤེལ་ཏེ། གལ་ཏེ་ལོ་ན་ ༡༨ སོན་ནས་དམག་ནང་དུ་མི་ཞུགས་མཁན་ཡོད་ན་སློབ་ཆེན་དུ་འགྲིམ་པ་དང་ལས་ཀ་འཚོལ་བར་ཤུགས་རྐྱེན་ཐེབས་པས། མཇུག་འབྲས་ངན་པ་སློང་སྲིད་པ་སོགས་བརྗོད་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་དམག་མི་བསྡུ་བའི་ལས་འགུལ་ཐེངས་གཉིས་སྤེལ་སྲོལ་ཡོད་པ་མ་ཟད། ལོ་ལྟར་སློབ་གྲྭ་ཁག་ཚང་མའི་ནང་དམག་ཞུགས་གྲ་སྒྲིག་གི་ལས་འགུལ་ཞེས་སློབ་མ་ཚང་མར་དམག་སྦྱོང་བྱེད་བཅུག་བཞིན་ཡོད་པ་རེད་ལ། བོད་ནང་ལྟ་བུར་མཚོན་ན། དམག་ནང་ཞུགས་པར་ཁ་བྲལ་དང་འབྲེལ་བ་མེད་པ་སོགས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཙང་མ་ཡིན་དགོས་སྐོར་གྱི་ཆ་རྐྱེན་འདོན་བཞིན་ཡོད་ན་ཡང་། ༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་མི་མང་དམག་ཁོངས་སུ་ཞུགས་དགོས་པའི་སྐུལ་སློང་དང་། ལྷག་པར་དུ་ལོ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན། དམག་དོན་དབྱར་གསེང་སྦྱོང་བརྡར་ཟེར་བའི་ལས་གཞི་ཞིག་སྤེལ་ཏེ། ལྷ་ས་དང་ཉིང་ཁྲི་སོགས་ནས་ལོ་ན་ ༨ ནས་ ༡༦ བར་གྱི་བོད་ཕྲུག་ཚོ་བསྡུ་བསྐོང་གིས། དྲག་པོའི་དམག་དོན་ཟབ་སྦྱོང་སྤྲད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། །

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎