རྒྱ་ནག་ནང་ཆར་ཆུ་དུས་སུ་མ་བབས་པར་འཐུང་ཆུའི་དཀའ་ངལ།
2009.02.08
༄༅༎རྒྱ་ནག་གི་ཞིང་ཆེན་ཁག་བརྒྱད་ནང་ཆར་ཆུ་དུས་སུ་མ་བབས་པར་ལོ་ཏོག་ལ་གནོད་པ་མ་ཟད་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པར་བརྟེན་རྒྱ་ནག་གཞུང་གིས་ཆར་ལྡན་སྤྲིན་པ་བཟོ་ཆེད་རྫས་འགྱུར་ལས་བཟོས་པའི་སྤྲིན་པ་གནམ་མཁར་གཏོར་ཏེ་ཆར་པ་འབེབ་རྒྱུའི་འབད་བརྩོན་བྱས་ཡོད་པ་རེད།
ཐན་པའི་གནས་སྟངས་དེ་ནི་འདས་པའི་མི་ལོ་ལྔ་བཅུ་ནང་འཕྲད་པའི་དཀའ་ངལ་ཆེ་ཤོས་ཡིན་པ་དང་ས་གནས་མི་དམངས་ས་ཡ་བཞི་དང་གྲངས་ཆུང་བཞི་ཡོད་པ་ཚོར་འཐུང་ཆུ་མི་འདེང་པའི་དཀའ་ངལ་འཕྲད་བཞིན་པ་རེད། དགུན་འདེབས་ལོ་ཏོག་གྲོ་ལ་ཞིང་ཆུ་འདྲེན་ཐབས་མེད་པས་ལོ་ཉེས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་རྒྱ་ནག་དབུས་གཞུང་གིས་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ཡོངས་ལ་ཛ་དྲག་གི་རོགས་རམ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་ཡིན་ནའང་ཐན་པ་བསྟན་པའི་དཀའ་ངལ་དེ་ནི་རྒྱ་ནག་གི་བྱས་ཕྱོགས་ས་ཁུལ་ཁོ་ན་མ་ཡིན་པར་རྒྱ་ནག་གི་དབུས་དང་ལྷོ་ནུབ་འབྲས་ཞིང་འདེབས་ལས་བྱེད་ཡུལ་གྱི་ཞིང་ཆེན་ནང་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་རྫས་འགྱུར་ལས་བཟོས་པའི་སྤྲིན་པ་མཁའ་དབྱིངས་སུ་གཏོར་ཏེ་ཆར་པ་འབབ་ཐབས་འབད་བརྩོན་བྱས་ཀྱང་དཀའ་ངལ་སེལ་ཐུབ་མེད་པར་བརྟེན་རྒྱ་ནག་གི་ཆུ་བོ་རིང་ཤོས་འབྲི་ཆུ་ནས་ཤར་ཕྱོགས་ཅན་སུའུ་ཞིང་ཆེན་ནང་ཞིང་ཆུ་འདྲེན་ཐབས་ལ་ཁ་བསྒྱུར་གཏོང་རྒྱུ་དང་དེ་བཞིན་ནང་སོག་ནས་འབྲི་ཆུའི་ཆུ་མཛོད་སྒོ་འབྱེད་དེ་དབུས་ཧོ་ནན་ཞིང་ཆེན་དང་ཤར་ཕྱོགས་ཧྲང་ཏུང་ཞིང་ཆེན་ནང་ཆུ་འདྲེན་གཏོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱ་ནག་གི་རྒྱལ་ཡོངས་གནམ་གཤིས་ལས་ཁང་གི་གསལ་བསྒྲགས་ནང་རྒྱ་ནག་ནང་ཐན་པ་བསྟན་པའི་དཀའ་ངལ་དེ་ནི་དུས་ཚོད་ཐུང་ངུ་ཞིག་ནང་སེལ་ཐུབ་དཀའ་བ་དང་གཞུང་གིས་རྫས་འགྱུར་ལས་བཟོས་པའི་སྤྲིན་པར་གནམ་ཁར་གཏོར་ཏེ་ཆར་པ་འབབ་ཐབས་བྱས་པའི་རྗེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་ཆར་པ་ཕྲན་བུ་བབས་ཡོད་ཀྱང་གཞི་རྩའི་དཀའ་ངལ་སེལ་ཐུབ་མེད་པ་རེད།