རྒྱ་ནག་ཏུ་སྙིང་ནད་སོགས་ན་མཁན་མང་དུ་འགྲོ་བའི་སྐོར།
2009.02.27
༄༅༎རྒྱ་ནག་ནང་དེང་སྐབས་མི་དམངས་ཁྲོད་དུ་སྙིང་གི་ན་ཚ་དང་ཁྲག་ཤེད་མཐོ་བའི་ན་ཚ་དེ་བཞིན་གཅིན་སྙི་ན་ཚ་སོགས་ནད་གཞི་རྙིང་པའི་རིགས་ན་མཁན་མད་དུ་འགྲོ་བའི་རྐྱེན་གྱིས་རྒྱ་ནག་གི་འཕྲོད་བསྟེན་ལྟ་རྟོག་བྱེད་མཁན་ཚོར་དཀའ་ངལ་གྱི་འཁུར་པོ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གི་མི་འབོར་ནས་བརྒྱ་ཆ་ཉི་ཤུ་འམ་རྒྱ་མི་རིགས་ས་ཡ་༢༦༠ལྷག་སྙིང་དང་ཁྲག་ཤེད།གཅིན་སྙི་ན་ཚ་རྙིང་པ་དེ་རིགས་ན་མཁན་ཡིན་པ་དང་ཕྱི་ལོ་ཉིས་སྟོང་གསུམ་ནང་ནད་གཞི་དེ་རིགས་ཡོད་མཁན་གྱི་གྲངས་འབོར་དང་བསྡུར་ན་ད་ལྟ་བར་བརྒྱ་ཆ་ལྔ་ཙམ་མང་དུ་ཕྱིན་ཡོད་པ་དང་གྲངས་འབོར་དེ་ནི་སྤྱི་ཡོངས་ཀྱི་བསྡོམས་རྩིས་བྱས་ན་ལོ་ལྟར་བཞིན་ནད་པ་ས་ཡ་བཅུ་རེ་མང་དུ་ཕྱིན་ཡོད་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཞིང་ཆེན་༣༡ནང་གི་མི་དམངས་འབུམ་གཉིས་ལ་ཞིབ་འཇུག་བྱས་པའི་སྐབས་དེའི་ནང་ལ་སྙིང་གི་ནད་གཞི་ཡོད་མཁན་དང་ལྷག་པར་དུ་ཁེན་སར་ནད་གཞི་ལྡབས་གཅིག་མང་བ་ཡོད་པ།ཁྲག་ཤེད་མཐོ་བའི་ན་ཚ་དང་གཅིན་སྙི་ན་ཚ་ཡོད་མཁན་ལྡབས་གསུམ་གྱི་མང་བ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པར་བརྟེན་ནས་ནད་རིགས་དེ་དག་མང་དུ་ཕྱིན་པའི་གྲངས་འབོར་དེ་ཡིས་རྒྱ་ནག་གི་སྨན་དོན་ལས་ཀ་ བྱེད་མཁན་དང་འཕྲོད་བསྟེན་ལྟ་རྟོགས་བྱེད་མཁན་ཚོས་ནད་རིགས་དེ་དག་ཐོག་འཐབ་རྩོད་དང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གོང་གསལ་ནད་རིགས་དེ་དག་ཞིབ་འཇུག་རུ་ཁག་གི་འགོ་ཁྲིད་ཡིན་པ་པེ་ཅིང་མཐོ་རིམ་སློབ་གྲྭའི་མི་དམངས་ཀྱི་འཕྲོད་བསྟེན་སློབ་གྲྭའི་ཆེད་ལས་པ་རུས་མིང་ཁྲེན་ཟེ་བས་དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་དུས་མཚུངས་མི་དམངས་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་ཕྱིན་ཏེ་དེ་སྔ་ཡིན་ན་ནད་རིགས་དེ་དག་གིས་རྐྱེན་བྱས་ཏེ་ནད་པ་འདས་གྲོངས་སུ་འགྲོ་གི་ཡོད་ཀྱང་ད་ཆ་ནད་རིགས་དེ་དག་ཡོད་པའི་ནད་པ་དུས་ཡུན་རིང་པོ་བར་འཚོ་གནས་ཐུབ་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།