རྒྱ་ནག་དང་ཕེ་རན་སིའི་འབྲེལ་ལམ་སྐོར་གྱི་གནས་ཚུལ་ཐོན་འདུག
2008.12.11
༄༅༎རྒྱ་ནག་གཞུང་གིས་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པའི་རྐྱེན་གྱིས་རྒྱ་ནག་དང་ཕེ་རན་སིའི་འབྲེལ་བར་དོ་ཕོག་ཆེན་པོ་སོང་ལུགས་བརྗོད་པར་ཕེ་རན་སི་གཞུང་གིས་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཉམས་ཆགས་མི་འགྲོ་བའི་ཐབས་ཤེས་གནང་པའི་འབད་བརྩོན་ལ་རྒྱ་ནག་གཞུང་གིས་དྭངས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག
གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཇིཡན་ཆི་ཡིས་ཕེ་རན་སིའི་གསལ་བཤད་འདི་ཡང་དག་པ་ཞིག་མིན་ལ་དེས་ད་ལྟའི་སྐབས་ཀྱི་དཀའ་རྙོག་དེ་སེལ་ཐུབ་རྒྱུ་མེད་པ་རེད་ཅེས་དང་ཕེ་རན་སིའི་ངོས་ནས་ད་ལྟའི་གནས་སྟངས་འདིའི་ཛ་དྲག་གི་ངོ་བོ་གསལ་པོར་ཤེས་པར་བྱས་ཏེ་རྒྱ་ནག་གི་བསམ་འཆར་ཁག་ལ་བདག་སྤྲོད་བྱ་རྒྱུ་དང་རྒྱ་ནག་དང་ཕེ་རན་སིའི་འབྲེལ་ལམ་བཟང་པོ་ཞིག་འབྱུང་རྒྱུའི་ཆ་རྐྱེན་དུ་དོན་ཕན་སོན་པའི་ལས་དོན་འགྲུབ་དགོས་ཀྱི་རེད་ཅེས་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་གཏམ་བཤད་དེ་གཟའ་མིག་དམར་ཉིན་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་སྦར་ནའཌེ་ཀུཛ་ནར་གྱིས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེ་རྒྱ་ནག་ལ་གནོད་སེམས་བཅངས་པ་ཞིག་རྩ་བ་ནས་མིན་ལུགས་འགྲེལ་བརྗོད་གནང་པར་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།
ཕེ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་ཕེ་རན་སིའི་གྲོས་ཚོགས་སུ་ང་ཚོས་རྒྱ་ནག་ལ་ཁོང་ཁྲོ་སློང་ཐབས་བྱས་པ་ཞིག་མིན་ལ་དེ་བཞིན་རྒྱ་ནག་མི་དམངས་དང་རྒྱ་ནག་གི་འགོ་འཁྲིད་ཚོར་གནོད་སེམས་བྱས་པ་ཞིག་ཀྱང་མིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་ཕེ་རན་སིའི་སྲིད་འཛིན་གྱི་ངོས་ནས་མི་སུ་ཞིག་དང་མཇལ་འཕྲད་གནང་ཡང་དེ་ནི་ཁོང་གི་རང་དབང་ཐོབ་ཐང་ཞིག་ཡིན་པར་གསུངས་ཏེ་ཕེ་རན་སིའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེར་དག་ཐེར་སྲུང་སྐྱོབ་གནང་ཡོད་པ་རེད། ཕེ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ང་ཚོས་རྒྱ་ནག་གི་ངོས་ནས་ཕོག་ཐུག་བྱུང་བའི་རྣམ་འགྱུར་ལ་འགྱོད་པ་ཡོད།གནས་ཚུལ་བཟང་དུ་འགྲོ་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད་ལ་ངེས་པར་བཟང་དུ་འགྲོ་ཡང་དགོས་ཀྱི་རེད་བཅས་གསུངས་ཡོད་པ་རེད།