བོད་ཁུལ་དུ་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་ལས་གཞི་ཁག་ནི་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་པ་ཞིག་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2021.08.05
བོད་ཁུལ་དུ་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་ལས་གཞི་ཁག་ནི་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་པ་ཞིག་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག ལྷ་ས་ནས་ཉིང་ཁྲིའི་བར་གྱི་མེ་འཁོར་ལྕགས་ལམ་དེ་ནི་ལྷ་ས་དང་སི་ཁྲོན་མེ་འཁོར་ལྕགས་ལམ་གྱི་ཆ་ཤས་ཤིག་ཡིན་པ་།
Global Times

ཉེ་སྔོན་སྤྱི་ཟླ་དྲུག་པའི་ཚེས ༢༥ཉིན་དངོས་སུ་ཤར་གཏོང་བྱས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེ་བཞིན། མཐའ་མཚམས་སྲུང་སྐྱོབ་ཆེད་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཟེར་བ་འབོར་ཆེན་འོར་འདྲེན་བྱེད་རྒྱུར་དམིགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱས་པ་བཞིན། འདི་ཚེས་༤ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་སྤེལ་བའི་ནང་། ཉེ་ལམ་མེ་འཁོར་ལྕགས་ལམ་དེ་བརྒྱུད་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བ་ཐེངས་དང་པོ་སྐྱེལ་འདྲེན་བྱས་ཡོད་པ་དང་། དེར་བརྟེན་ནས་བཅིངས་གྲོལ་དམག་གི་ནུས་སྟོབས་གོང་འཐོར་གཏོང་རྒྱུ་ཡིན་པ་བསྒྲགས་འདུག་པ་མ་ཟད། རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་པ་སྐུ་ཞབས་PG Kamathལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལྷ་ས་ནས་ཉིང་ཁྲིའི་བར་གྱི་མེ་འཁོར་ལྕགས་ལམ་དེ་ནི་ལྷ་ས་དང་སི་ཁྲོན་མེ་འཁོར་ལྕགས་ལམ་གྱི་ཆ་ཤས་ཤིག་ཡིན་པ་དང་། མཚོ་སྔོན་ཟི་ལིང་ཁུལ་ནས་ལྷ་ས་བར་གྱི་མེ་འཁོར་ལྕགས་ལམ་དེ་བཞིན་སྔ་མོ་ནས་བརྒྱབས་ཟིན་ཡོད་པ་རེད། མདོར་ན། ལྷ་སའི་ཤར་བྱང་གཉིས་ཀ་ནས་མེ་འཁོར་ལྕགས་ལམ་བཟོ་སྐྲུན་ཟིན་ཡོད་ཅིང་། རྒྱ་ནག་གཞུང་གི་བོད་ཁུལ་དུ་མེ་འཁོར་ལྕགས་ལམ་དང་གནམ་ཐང་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ཁག་ནི་གཙོ་བོ་མ་འོངས་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་དམིགས་པ་ཞིག་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
མགྱོགས་ཚད་མྱུར་བའི་མེ་འཁོར་ལྕགས་ལམ་དེ་ལྷ་ས་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དང་ས་འབྲེལ་ཆགས་པའི་བོད་ཀྱི་ས་ཁུལ་རྒྱ་ཚ་རྫོང་དང་། སྣང་རྫོང་དང་། སྨིན་གླིང་རྫོང་བརྒྱུད་ཉིང་ཁྲི་གྲོང་ཁུལ་དུ་འབྱོར་གྱི་ཡོད་འདུག། མེ་འཁོར་ལྕགས་ལམ་དེ་ནི་ཧ་ཅང་གི་མགྱོགས་ཚད་མྱུར་བས། ལྷ་ས་ནས་ཉིང་ཁྲི་བར་རྒྱང་ཐག་སྤྱི་ལེ་༤༣༥ཙམ་ཡོད་ཀྱང་ལྷ་ས་ནས་ཉིང་ཁྲི་བར་ཆུ་ཚོད་༣དང་སྐར་མ་༢༩ལས་འགོར་ཀྱི་མེད་ཅིང་། ལྕགས་ལམ་དེའི་དམིགས་ཡུལ་གཙོ་བ་ཞིག་ནི་ས་ཐོག་སྐྱེལ་འདྲེན་གྱི་ནུས་པ་འཐུས་ཚང་དུ་བཏང་སྟེ་གཞི་རྒྱ་ཆེ་བའི་ས་ཁུལ་ཁག་ཏུ་དམག་མི་དང་། ལག་ཆ་སོགས་འབོར་ཆེན་སྐྱེལ་འདྲེན་བྱེད་རྒྱུ་དེ་ཡིན་པ་རྒྱ་ནག་གོ་ལའི་དུས་བབ་ཀྱིས་བརྗོད་འདུག
ད་དུང་རྒྱ་ནག་གཞུང་གིས་དམག་དོན་ལ་དམིགས་པའི་ད་ལྟའི་མེ་འཁོར་ལྕགས་ལམ་དེ་ནི་སྤྱིར་བཏང་རྒྱལ་སྲུང་གི་ཆེད་དུ་ཡིན་པ་ལས། ད་ཡོད་རྩོད་རྙོག་ཆེ་བའི་ས་མཚམས་དང་འབྲེལ་བ་མེད་ཚུལ་རྒྱ་ནག་གཞུང་གིས་བརྗོད་འདུགསྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་མེ་འཁོར་ལྕགས་ལམ་མང་དག་ཅིག་བཟོ་བསྐྲུན་བྱས་དང་བྱེད་མུས་ཡིན་པའི་ཁྲོད། ད་ཡོད་ལྕགས་ལམ་རིང་ཤོས་དེ་ནི་མཚོ་བོད་ལྕགས་ལམ་དེ་ཡིན་འདུག་ཅིང་། ལྕགས་ལམ་དེ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་ལྷ་སར་འབྱོར་གྱི་ཡོད་པ་དང་། དེའི་ཁྱོན་རིང་ཚད་ལ་སྤྱི་ལེ་༡༩༥༦ ཡོད་པ་དང་། ད་དུང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ཧི་མ་ཅཱལ་མཐའ་མཚམས་བར་བྱ་སྐད་ལྕགས་ལམ་ཞེས་པ་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བརྒྱུད་ས་མཚམས་ས་ཁུལ་སྐྱིད་གྲོང་ནས་བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་བར་དུ་མེ་འཁོར་ལྕགས་ལམ་ཞིག་བཟོ་སྐྲུན་བྱེད་མུས་ཡིན་པ་རྒྱ་ནག་གཞུང་གིས་བསྒྲགས་འདུག་ཅིང་། རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དང་དམག་དཔོན་ཟུར་པ་སྐུ་ཞབས་Vinayak་Bhat ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གཞིས་ཀ་རྩེ་ནས་ཀཐ་མན་གྲུའི་བར་གྱི་མེ་འཁོར་ལྕགས་ལམ་དེས་རྒྱ་གར་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་རྒྱུ་ཡིན་པ་མ་ཟད། པཀི་སི་ཐན་དང་སིངྒ་ལ། བལ་ཡུལ་སོགས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་མེ་འཁོར་ལྕགས་ལམ་གསར་བཟོ་དང་། འཛུགས་སྐྲུན་ཡར་རྒྱས་ཁག་ནི་གཙོ་བོ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡང་ཡིན་པ་འགྲེལ་བརྗོད་གནང་སོང་།
ལྷ་ས་ནས་བལ་ཡུལ་བར་གྱི་ལྕགས་ལམ་དེ་༢༠༢༤ ལོར་ཤར་གཏོང་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་འདུག་པ་དང། དེའི་རིང་ཚད་ལ་སྤྱི་ལེ་༥༤༠ ཙམ་ཡོད་འདུག གཞི་རྩའི་ཆ་ནས་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་དབར་ས་མཚམས་རྕོད་རྙོག་དང་འབྲེལ་བའི་ཐོག་ད་བར་གྲོས་མོལ་ཐེངས་༡༢ཙམ་བྱས་འདུག་པ་མ་ཟད།  ཉེ་ལམ་སྤྱི་ཟླ༨ པའི་ཚེས་༢ ཉིན་ཕྱོགས་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་རྣམ་གཉིས་ནས་ས་མཚམས་དང་འབྲེལ་བའི་ཐུག་འཕྲད་གནང་སྟེ་དོན་ཕན་ལྡན་པའི་གྲོས་མོལ་ཞིག་བྱུང་ཡོད་པ་རྒྱ་ནག་གཞུང་གིས་བསྒྲགས་འདུག་པ་མ་ཟད། རྒྱ་ནག་རྒྱལ་སྲུང་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་གྱིས། འབྱུང་འགྱུར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཐོག་ལ་དམག་མི་གདོང་ཐུག་ཡོང་གི་མ་རེད་ཅེས་གོ་ལའི་དུས་བབ་ལ་བརྗོད་འདུག་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་ལྟ་བོད་ཀྱི་ས་མཚམས་ཁུལ་དུ་དམག་དོན་ལས་འགུལ་སྤེལ་ཕྱོགས་ལ་བལྟས་པ་ཡིན་ན། འབྱུང་འགྱུར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མིའི་དབར་མུ་མཐུད་གདོང་ཐུག་ཡོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
ཡང་བར་ལམ་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བའི་ནང་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་ལྷུན་རྩེ་དང་དིང་རི་སྤུ་ཧྲེང་བཅས་སུ་མ་དངུལ་རྒྱ་སྒོར་དུང་ཕྱུར་༡༣༦ལྷག་ཆེད་གཏོང་གིས་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་འཆར་ཡོད་འདུག་ཅིང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བརྒྱབས་ཟིན་པའི་མཐའ་མཚམས་ཁུལ་གྱི་གནམ་ཐང་མང་ཆེ་བ་དམག་དོན་ལ་དམིགས་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་རྒྱལ་དོན་ཐབས་བྱུས་ཐད་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་བརྒྱབས་ཟིན་པའི་གནམ་ཐང་ཁག་སྟེ། ལྷ་སའི་གོང་དཀར་གནམ་ཐང་དང་། ཉིང་ཁྲིའི་སྨིན་གླིང་གནམ་ཐང། ཆབ་མདོའི་སྤོམ་མདའ་གནམ་ཐང་། མངའ་རིས་གནམ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་སོགས་ཡིན་འདུག་པ་དང་། ད་དུང་རྒྱ་ནག་གཞུང་གིས་མུ་མཐུད་ནས་གནམ་ཐང་གསར་བརྒྱག་རིགས་བྱེད་མུས་ཡིན་པ་དེ་དག་མང་ཆེ་བ་དམག་དོན་དང་མི་མང་འགྲུལ་བཞུད་བྱེད་རྒྱུ་སོགས་གོ་གཉིས་ཆོད་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎