བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གཅིག་གི་ནང་རྒྱ་ནག་གཞུང་གིས་དམག་ཤུགས་ངོམ་སྟོན་ཤུགས་ཆེ་བྱས་པ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༣ ཚེས་ ༡༠ ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་བོད་ཀྱི་ལྷོ་ཁ་ཁུལ་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་སྒྲུབ་པའི་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་ཕྱིར་སྐྱོད་དམག་སྦྱོང་ཟེར་བའི་དམག་སྦྱོང་འགྲེམ་སྟོན་ཞིག་བྱས་ཡོད་པ་དེ་དང་གཅིག་མཚུངས་གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་ལ་ཡང་བོད་མིར་འཇིགས་སྣང་སློང་བའི་དམག་སྦྱོང་དེ་རིགས་བྱས་ཡོད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་འདྲ་པར་དང་བཅས་གནས་ཚུལ་སྤེལ་བར་གཞིགས་ན། གཞིས་ཀ་རྩེ་གྲོང་ཁྱེར་དུ་སྐུལ་སློང་ཚོགས་འདུའི་ཐོག་སྤྱི་ཟླ་གསུམ་པའི་བདེ་འཇགས་བརྟན་ལྷིང་གི་ལས་དོན་འདི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས། འགན་འཁྲི་དོ་ནན་ངང་འཁུར་ནས་གཞིས་ཀ་རྩེའི་ཕྱོགས་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་འགན་ལེན་ཐུབ་པ་དགོས་སྐོར་དཔོན་རིགས་ཚོས་ནན་བརྗོད་བྱས་འདུག་ཅིང་། ཕྱི་ཟླ་༣ཚེས་༡༠ཉིན་གྱི་དམག་སྦྱོང་དེའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་དཔོན་རིགས་དང་ཁྲིམས་ཁང་གི་དཔོན་རིགས། དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་གི་ཡན་ལག་རུ་ཁག ས་མཚམས་དོ་དམ་གྱི་ཡན་ལག་རུ་ཁག མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག འཇིགས་སྐུལ་ལ་འགོག་རྒོལ་བྱེད་མཁན་གྱི་དམིགས་བསལ་མྱུལ་ཞིབ་རུ་ཁག་གི་འགན་འཛིན། ཁྲིམས་འཛིན་ཚན་པ། གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་ཁང་གི་ཚོགས་ཆུང་ཁག་གི་འགན་འཛིན་སོགས་མཉམ་ཞུགས་བྱས་ཡོད་འདུག ཡང་ནག་ཆུ་གྲོང་ཁྱེར་གྱི་ནང་ཡོད་པའི་རྩེད་ཐང་ཆེན་པོ་ཞིག་གི་ནང་སྤྱི་བདེ་ཉེན་རྟོག་དང་དྲག་ཆས་ཉེན་རྟོག མེ་གསོད་རུ་ཁག་སོགས་ཕྱོགས་ཁག་གི་བརྟན་ལྷིང་སྤོབས་ཤུགས་ཚང་མ་མཉམ་ཞུགས་བྱས་པའི་འདྲ་པར་ཕྱིར་བསྒྲགས་བྱས་འདུག་ལ། རྩེད་ཐང་དེའི་ཐོག་ཡིབ་ཅན་གྱི་ཁང་པའི་ཐོག་ཏུ་ (ནག་ཆུ་རྫོང་གྲོང་ཁྱེར་གྱི་ ༢༠༢༡ ལོའི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དམ་བཅའ་འཇོག་པའི་སྐུལ་སློང་དང་དྲག་ཆས་དམག་སྦྱོང་འགྲེམ་སྟོན།) ཞེས་འཁོད་པའི་ཕྲེད་དར་སྦྱར་པ་མཐོང་རྒྱུ་འདུག
ད་དུང་འདྲ་པར་ཁག་གི་ནང་། བོད་མིར་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་དམར་ཤོག་གཞུང་གི་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ་སོགས་དྲག་པོའི་དམག་གི་དཔུང་ཁག་ཚང་མ་འཛོམས་ནས་ཁྲོམ་གཞུང་ཐོག་བསྟར་སྒྲིག་གི་བསྐྱོད་བཞིན་པ་མཐོང་རྒྱུ་འདུག་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་དག་ནི་རྒྱ་ནག་གཞུང་གིས་བོད་མི་ཚོས་དམིགས་བསལ་དྲན་གསོ་དང་སྲུང་བརྩི་བྱེད་པའི་དམིགས་བསལ་གྱི་ཉིན་མོར་འདིར་རང་དབང་བྲལ་པའི་བོད་པ་ཚོར་དྲག་ཤུགས་ངོམ་པའི་ཐོག་ནས་འཇིགས་སྐུལ་སློང་བའི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པ་ནི་ཆབ་སྲིད་ཀྱི་རྣོ་ངར་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་ས་ཁུལ་སྤྱི་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གི་ནང་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།