རྒྱ་ནག་གི་དྲིལ་བསྒྲགས་གཙོ་འཛིན་གཞོན་པ་Zhang Jianchun ཡིས་ལྐོག་ཟ་བྱས་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་འདུག
ཕ་རན་སིའི་གསར་ལས་ཁང་གིས་ཁ་ས་ཕྱི་ཚེས་༢༡་ཉིན་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་གཙོ་འཛིན་གཞོན་པ་Zhang Jianchun ཡིས་ཁྲིམས་དང་སྒྲིག་གཞི་བརྒལ་བའི་ཚབས་ཆེ་དོགས་གཞིའི་འོག་དཔྱད་ཞིབ་བྱེད་བཞིན་ཡོད་སྐོར་རེས་གཟའ་པ་སངས་ཉིན་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གིས་ཚིག་གྲུབ་གཅིག་ཐོག་ནས་གསལ་བསྒྲགས་བྱས་པ་ལས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱས་མིན་འདུག
ཁོ་པ་ནི་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་ཤིག་དང་རྒྱ་ནག་དམར་ཤོག་ཚོགས་པའི་བལྟ་གྲུབ་ཁྱབ་སྤེལ་གཏོང་མཁན་དང་རྒྱ་ནག་ནང་གི་གསར་ལམ་ཁག་གི་ཐོག་སྟངས་འཛིན་དོ་དམ་པོ་བྱེད་མཁན་ཆེས་གསང་རྒྱ་ཆེ་བའི་ལས་ཁང་གི་དཔོན་རིགས་མཐོ་གྲས་ཤིག་ཀྱང་ཡིན་པ་རེད་།རང་ལོ་༥༩་ཡིན་པའི་Zhang Jianchun ནི་རྒྱ་ནག་ཤར་ཕྱོགས་Shandong ཞིང་ཆེན་ནས་ཡིན་པ་དང་ཁོ་པ་ཐོག་མར་རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན་གཙོ་བ་ཞིག་འཁུར་བའི་རྗེས་སུ་རྒྱ་ནག་གི་དཔོན་རིགས་སུ་འབུར་ཐོན་བྱུང་བ་ཞིག་ཡིན་པ་དང་དེ་ནས་རྒྱ་ནག་རྒྱལ་ཡོངས་ནང་དམར་ཤོག་ཚོགས་པའི་དཔོན་རིགས་སོགས་བསྐོ་བཞགས་བྱེད་མཁན་ཆགས་པ་དང་རིམ་བཞིན་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པར་བསྐོ་བཞགས་བྱུང་འདུག་ ཞི་ཅིང་ཕིང་གིས་འདས་པའི་ལོ་༡༠་ཡི་གོང་ལ་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་བའི་རྗེས་སུ་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུའི་ལས་འགུལ་སྤེལ་ཚུལ་བཤོད་ཀྱི་ཡོད་རུང་་དེར་ངོ་རྒོལ་བྱེད་མི་ཚོས་དེ་ནི་ཞི་ཅིང་ཕིང་གིས་རང་གི་ཆབ་སྲིད་ཁ་གཏད་བ་ཚོ་གནས་དབྱུངས་གཏོང་རྒྱུའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་རྒྱུ་ཡོད་ཚུལ་ལ་ཁ་གཡར་ནས་རྒྱ་ནག་གི་དཔོན་རིགས་མང་པོར་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་ཅིང་ལོ་འདིའི་ཕྱི་ཟླ་༤་པའི་ནང་རྒྱ་ནག་གི་ཁྲིམས་ཞིབ་ལས་ཁུངས་ཀྱི་གཙོ་འཛིན་ཟུར་པ་གཞོན་པར་ཞིབ་བཤེར་བྱ་རྒྱུའི་འོག་ཚུད་ན་ཡང་་ཁོ་པ་སྔ་ལོར་ལས་གནས་འདོར་ཟིན་འདུག་ ཡང་ལས་འགུལ་འདིའི་འོག་དམིགས་ཚད་ཟིན་ས་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་ཤིག་ནི་Zhou Yongkang ཡིན་པ་དང་ཁོ་པ་དེ་སྔ་ཞི་ཅིང་ཕིང་གིས་བདེ་འཇག་སྲུང་སྐྱོབ་ཀྱི་དཔོན་རིགས་མཐོ་ཤོས་དེ་ཡིན་པ་དང་ཁོ་པ་ཕྱི་ལོ་༢༠༡༥་ལོར་ལྐོག་རྔན་ལེན་པའི་ཉེས་མིང་འོག་མི་ཚེ་ཧྲིལ་པོའི་རིར་བཙོན་འཇུག་ཁྲིམས་ཐག་གཅད་ཡོད་པ་རེད།
ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ཡིས་རྒྱ་ནག་གི་ཁྲིམས་སྒྲིག་་ཚབས་ཆེ་འགལ་བའི་ཉེས་མིང་འོག་ཁོ་པར་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་བཞིན་ཡོད་པ་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཕྱི་ཟླ་ ༦ ཚེས ༡༦ ཉིན་དྲ་རྒྱའི་ཐོག་གཞུང་འབྲེལ་གསལ་བསྒྲགས་བྱས་འདུག
ཞི་ཅིང་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་བ་ནས། སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག བོད་དང་ཡུ་གུར། སོག་པོ་སོགས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མགོ་ཁྲིད་མང་པོ་ཞིག་ལ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམ་དང་འགལ་བ་སོགས་ཀྱི་ནག་ཉེས་ཕོག་གི་ཡོད་པ་རེད།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་འགན་འཛིན་། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།