རྒྱ་ནག་གཞུང་གིས་རྒྱ་གར་བ་ཚོར་ཐོངས་མཆན་ནར་འགྱངས།
2008.05.20
༄༅༎བོད་ནང་གནས་བསྐོར་བསྐྱོད་མཁན་རྒྱ་གར་བ་ཚོར་ཐོངས་མཆན་སྤྲོད་རྒྱུར་རྒྱ་ནག་གཞུང་ནས་ནར་འགྱངས་བཏང་ཡོད་འདུག
ལོ་ལྟར་ཕྱི་ཟླ་ལྔ་པའི་ནང་རྒྱ་གར་ཧིན་རྡུའི་ཆོས་བྱེད་མཁན་མང་པོ་ཞིག་བོད་ཀྱི་མངའ་ཁོངས་སུ་ཡོད་པའི་སྟོད་གངས་རིན་པོ་ཆེ་དང༌། མཚོ་མི་ཕམ་གཡུ་མཚོ་གཉིས་སུ་གནས་མཇལ་དུ་བསྐྱོད་ཀྱི་ཡོད་ཀྱང་། ལོ་འདིར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་དམིགས་བསལ་རྒྱུ་མཚན་གང་ཡང་གསལ་བཤད་མ་བྱེད་པར་ཐོངས་མཆན་སྤྲོད་རྒྱུར་ནར་འགྱངས་བཏང་གི་འདུག་ཅེས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་བཀོད་ཡོད་པ་རེད། སྤྱིར་བཏང་སྟོད་གངས་རིན་པོ་ཆེ་དང་། མཚོ་མི་ཕམ་
གཡུ་མཚོ་གཉིས་ནི་བོད་མི་ཙམ་མ་ཡིན་པར་ཧིན་རྡུ་དང་འཇེན་གྱི་ཆོས་བྱེད་མཁན་ཚོས་ཀྱང་ལྷ་ཤི་ཝའི་གོམ་རྒྱབ་ཡུལ་གྱི་ས་གནས་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ནས་ལོ་ལྟར་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཙམ་ལ་ས་ཁུལ་དེ་གཉིས་སུ་གནས་མཇལ་འགྲོ་གི་ཡོད་པ་དང༌། དེ་ནས་རིམ་བཞིན་ཁག་ཅིག་བོད་ཀྱི་རྒྱལ་
ས་ལྷ་སའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ཚུལ་དུ་འགྲོ་གི་ཡོད་པ་རེད།།