ཕྱིའི་སྤྱི་ཚོཊ་འབྲེལ་མཐུད་དྲ་བར་ཞུཊ་མཁན་ཚོའི་ཁ་པར་བཀག་འགོག
2015.11.24
རྒྱ་ནག་གིས་ཤིན་ཅང་ནང་ཕྱི་རྒྱལ་གྱི་སྤྱི་ཚོཊ་འབྲེལ་མཐུད་དྲ་བར་ཞུཊ་མཁན་ཚོའི་ཁ་པར་བཀག་འགོག་བཀག་འགོག་བྱེད་བཞིན་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་ནིའུ་ཡོཀ་ཀྲཡིམསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསི་ཐན་ནང་རྒྱ་ནག་གཞུང་གི་དྲྭ་རྒྱའི་ཞིབ་རྟོག་ལ་གཡོལ་ཐབས་ཆེད། ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་འཐུད་དྲྭ་ལམ་ཕབ་བཤུས་བྱ་མཁན་ཚོའི་ལག་ཐོགས་ཁ་པར་གྱི་མཐུན་རྐྱེན་བཀག་འགོག་བྱས་ཡོད་འདུག
སྤྱིར་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་དྲྭ་རྒྱའི་འཕྲུལ་ལས་ཐོག་རྒྱ་ནག་གཞུང་གིས་ཞིབ་བཤེར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་དང་ཤིན་ཅང་ལྟ་བུའི་ནང་དམིགས་བསལ་གྱི་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་རེད།
གཟའ་འཁོར་སྔོན་མར་ཕྷརན་སིའི་རྒྱལ་ས་པེ་རིསི་རུ་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མི་གྲངས་༡༣༠སྐོར་དམར་བསད་བཏང་པའི་གནས་ཚུལ་བྱུང་རྗེས། ཤིན་ཅང་གི་ཉེན་རྟོག་པ་ཚོས་ཁུལ་དེའི་ནང་གི་ལག་ཐོགས་ཁ་པར་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་པར་མ་ཟད། དམིགས་བསལ་ཕྱི་རྒྱལ་ནས་བཟོས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཕབ་ལེན་བྱ་མཁན་ཚོའི་ལག་ཐོགས་ཁ་པར་གྱི་མཐུན་རྐྱེན་བཀག་འགོག་བྱས་ཡོད་པ་ནིའུ་ཡོཀ་ཀྲཡིམསི་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་འདུག
མིང་འབོད་བྱ་འདོད་མེད་པ་ཁ་པར་གྱི་མཐུན་རྐྱེན་བཀག་འགོག་འོག་ཚུད་པའི་མི་ཁག་གཅིག་གིས་ནིའུ་ཡོཀ་ཀྲཡིམསི་གསར་ལས་ཁང་ལ། ཁོང་ཚོས་ལག་ཐོགས་ཁ་པར་ལས་ཁུངས་སུ་ཞུ་གཏུག་ཆེད་འགྲོ་སྐབས་ཁ་པར་ལས་ཁུངས་ཀྱིས་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུག་ཆེད་འགྲོ་དགོས་པའི་བཀོད་མངགས་བྱས་ཡོད་འདུག་པ་དང་། ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ནང་གི་མི་ཞིག་གི་ལག་ཐོགས་ཁ་པར་ཐོག་ཁ་པར་ལས་ཁུངས་ཀྱི་བརྡ་ལན་ཞིག་འབྱོར་འདུག་པ་དེའི་ནང་། ང་ཚོར་ཉེན་རྟོག་ལས་ཁུངས་ནས་བཀོད་མངགས་འབྱོར་དོན་ལྟར་ཁྱེད་ཀྱི་ལག་ཐོགས་ཁ་པར་གྱི་མཐུན་རྐྱེན་དུས་ཡུན་ཆུ་ཚོད་གཉིས་རིང་བཀག་འགོག་བྱ་རྒྱུ་ཡིན་ཞེས་དང་། ཁྱེད་ལ་དོགས་འདྲི་ཡོད་ཚེ་ཁྱེད་རང་གནས་སྡོད་བྱ་སའི་ཉེ་འཁོར་གྱི་ཉེན་རྟོག་ལས་ཁུངས་ཀྱི་དྲ་རྒྱའི་ཞིབ་བཤེར་ཚན་པར་འབྲེལ་གཏུག་བྱ་དགོས་ཞེས་འཁོད་ཡོད་འདུག
རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལག་ཐོགས་ཁ་པར་བརྒྱུད་ཐལ་ཆེའི་ཆོས་ལུགས་ཀྱི་བརྡ་ལན་ཁྱབ་སྤེལ་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་ཅིང་། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཉེས་མིང་སྣ་ཚོགས་ཀྱི་ཐོག་ནས་ཤིན་ཅང་ཡུ་གུར་མི་རིགས་ཚོའི་རང་དབང་གི་གནས་བབ་ལ་དོ་དམ་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།