རྒྱལ་ས་ལྷ་སའི་ཁུལ་དུ་དམག་དོན་གྱི་དམ་བསྒྲགས་ཆེ་རུ་བཏང་བ།
2008.11.09
༄༅༎རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་མི་ཚོས་ངོ་རྒོལ་རྔམ་སྟོན་ལས་འགུལ་སྤེལ་བ་ལྟར་བསྐྱར་ཏུ་སྤེལ་རྒྱུ་འགོག་ཐབས་ཀྱི་ཆེད་དུ་ལྷ་ས་གཙུག་ལག་ཁང་གཙོས་པའི་གྲོང་ཁྱེར་ལྷ་སའི་ཁུལ་དུ་དམག་དཔུང་འགྲེམས་འཇོག་གིས་དམག་དོན་གྱི་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།
དེ་ཡང་ཨོསི་ཀྲོ་ལི་ཡའི་བྱང་ཤར་ཁུའིན་སི་ལཱེན་ཞེས་པའི་ས་གནས་ཀྱི་གསར་འགོད་པ་ད་རེས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་པའི་རྗེས་ཁོང་གིས་མཐོང་ཐོས་ཀྱི་གནས་ཚུལ་རྣམས་ཁོང་ཚོའི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་པར་ངོས་ཐོག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམག་མི་དང་ཉེན་རྟོག་པ་མང་དུ་བཏང་སྟེ་ལྷ་ས་གྲོང་ཁྱེར་ནང་དུ་དྲག་ཆས་ཐོག་སྟེ་མྱུལ་ཞིབ་ལས་དོན་སྤེལ་བཞིན་ཡོད་པ་དང་ལྷག་པར་དུ་དམག་མི་ཚོའི་ལག་ཏུ་མེ་མདའ་མཱེ་ཤིན་གན་ཟེར་བ་འཁྱེར་ཏེ་རུ་ཁག་བྱས་ཏེ་བོད་མི་འདུ་འཛོམས་ཆེ་ཤོས་བྱེད་ཡུལ་གྱི་ལྷ་ས་གཙུག་ལག་ཁང་གི་མདུན་དུ་མྱུལ་ཞིབ་བྱེད་ཀྱི་ཡོད་པ་མཐོང་རྒྱུ་ཡོད་པ་མ་ཟད་མེ་མདའ་ཚ་ཁ་བདེ་པོ་ཡོད་མཁན་གྱི་དམག་མི་ཡང་ལྐོག་ཏུ་ཁང་པའི་ཐོག་རྩེགས་སྟེང་སོགས་སུ་འགྲེམས་འཇོག་བྱས་ཏེ་དོན་རྐྱེན་འདྲ་བྱུང་ཚེ་མེ་མདའ་རྒྱབ་ཆོག་གིས་སོ་བལྟ་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་ཁོང་ཉིན་མ་བཞི་རིང་ལྷ་སའི་ཁུལ་དུ་འཚམས་འདྲི་གནང་བའི་དུས་ཡུན་དེའི་རིང་ལ་ལྷ་ས་གཙུག་ལག་ཁང་གི་ཉེ་ཁྲིད་ཞིག་ཏུ་རྒྱ་མིའི་ཉེན་རྟོག་པས་དགེ་འདུན་པ་འགའ་ཤས་ཤིག་འཛིན་བཟུང་གིས་དམག་མིའི་མོ་ཊའི་ནང་བླུགས་པ་དངོས་སུ་གཟིགས་ཡོད་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མིར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཁག་གིས་ཀྱང་རྒྱ་མིའི་དཔོན་རིགས་ཀྱིས་རྒྱུན་དུ་ནས་དགེ་འདུན་པ་དང་བཙུན་མ་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་པ་དང་ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གཞོན་པ་པད་མ་ཚེ་དབང་ལགས་ཀྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་བོད་མི་ལྔ་བཅུ་ངེ་ལྔ་ལོ་གསུམ་ནས་ཚེ་བཙོན་བར་གྱི་ བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་པའི་གནས་ཚལ་གསལ་བསྒྲགས་བྱས་ཡོད་པ་རེད༎