འབྲས་སྤུངས་ཞོ་སྟོན་སྐབས་རྒྱ་དམག་གིས་དམ་དྲག་དང་སོ་བལྟ།
2014.08.25
ལྷ་སའི་འབྲས་སྤུངས་གོས་སྐུ་བཤམ་སྟོན་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་གིས་ཕྱོགས་ཡོངས་སུ་དམ་བསྒྲགས་བྱས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཚེས་༢༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་སྲོལ་རྒྱུན་གྱི་དབྱར་སྐྱིད་ཆེན་མོ་ཞོ་སྟོན་དབུ་བཙུགས་གནང་ཡོད་པ་དང་། ཞོ་སྟོན་གྱི་འབྲས་སྤུངས་གོས་སྐུ་བཤམ་སྟོན་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གཙོས་གྲོང་ཁྱེར་ཡོངས་ལ་དྲག་ཆས་གོ་མཚོན་ཐོག་པའི་ཉེན་རྟོག་པ་དང་། དམག་མི་མང་པོ་འགྲེམས་འཇོག་གིས་ཕྱོགས་ཡོངས་སུ་དམ་དྲག་བྱས་བ་དང་། ལྷག་པར་ནམ་མཁར་མི་མེད་གནམ་གྲུའམ་དབྱིན་སྐད་ཐོག་drone ཞེས་པ་བཏང་སྟེ་སོ་མྱུལ་བྱེད་བཞིན་པར་ད་ལོའོ་ཞོ་སྟོན་དུས་ཆེན་ནི་སྤྱི་ཟླ་༩ཚེས༢བར་ཚོགས་ཀྱི་ཡོད་འདུག
འོན་ཀྱང་རྒྱ་ནག་གིས་ད་ལོའི་ཞོ་སྟོན་དེ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པའི་བརྗོད་བྱ་གཙོ་བོར་བཟུང་ནས་ཨ་ཅེ་ལྷ་མོ་དང་། ལྷ་མོའི་རྣམ་ཐར་སོཊ་འཁྲབ་སྟོན། དེ་བཞིན་ཐང་ཀའི་སྒྱུ་སྩལ་དང་ཇོ་མོ་གླང་མའི་པར་རིས་འགྲེམས་སྟོན་འགྲན་བསྡུར་སོཊ་བྱེད་སྒོ་འདྲ་མིན་རིགས་༡༣་ཙམ་བཀོད་སྒྲིག་བྱས་ཡོད་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་ལྟར་ན། འབྲས་སྤུངས་ཞོ་སྟོན་ནི་དབྱར་གནས་ཀྱི་དུས་སུ་བྱུང་བའི་དགའ་སྟོན་ཞིག་ཡིནཔ་དང་། དེ་ཡང་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བོད་ཟླ་བདུན་པའི་ཚེས་སུམ་ཅུ་བར་སེ་འབྲས་དགེ་གསུམ་གཅིག་གྱུར་གཞི་གསུམ་ཆོ་གའི་ཉམས་བཞེས་ཀྱི་ནང་གསེས་དབྱར་གནས་ཞལ་བཞེས་ཀྱི་དུས་ཚོད་ཡིན་པས། ལོ་ལྟར་བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་དབྱར་གནས་ཞལ་བཞེས་ཀྱི་གྲྭ་དམངས་ལ་ཞོའི་བསྙེན་བཀུར་ཞུས་ནས་དེའི་དགའ་སྟོན་ལ་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་པར་བརྟེན་འབྲས་སྤུངས་ཞོ་སྟོན་ཞེས་པའི་མིང་ཆགས། དུས་ཚོད་དེའི་ནང་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་།དགོན་པའི་ཉེ་འདངས་སུ་ཡོད་པའི་མང་ཚོགས་རྣམས་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལྟ་བར་འགྲོ་སྲོལ་ཡོད།
གསར་འགོད་པ་བསོད་ནམས་ལྷ་མོ།