རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་༦༢༠༠ལྷག་བྱུང་སྐོར།
2009.02.23
༄༅༎སྔ་ལོ་རྒྱ་ནག་གིས་ཚོང་ལས་དང་འབྲེལ་བའི་ཌོ་ལར་ས་ཡ་མང་པོའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་༦༢༠༠ལྷག་རྩད་གཅོད་ཐུབ་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ཉིས་སྟོང་བརྒྱད་ལོར་ཁྱོན་རྒྱ་མིའི་དངུལ་ལོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེད་བ་ལྔ་ཙམ་གྱི་ཚོང་ལས་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་ཁག་མི་འདྲ་བ་༦༢༢༧རྩད་གཅོད་བྱེད་ཐུབ་ཡོད་པའི་སྐོར་རྒྱ་ནག་གི་བཟོ་གྲྭ་དང་ཚོང་ལས་འཛིན་སྐྱོང་ལས་ཁང་གིས་འགྲེལ་བརྗོད་བྱས་པ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག
གོང་ཞུས་གྱོད་གཞི་དེ་ཚོའི་ནང་ནས་གྱོད་གཞི་༧༢༦ནི་སྨན་རྫས་ཚོང་སྒྱུར་སྐབས་ལྐོག་རྔན་ལེན་པའི་གནད་དོན་ཡིན་པ་དང་དེ་མིན་གྱོད་གཞི་༢༡༦ཙམ་ནི་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བ་ཡོད་པ་རེད། ད་ལོ་ཞིབ་དཔྱོད་བྱེད་མཁན་ཚོས་སྔ་ལོ་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཤུགས་ཆེ་ཕོག་སའི་ས་གནས་ཁག་ནང་འཛུགས་སྐྲུན་བསྐྱར་བཟོའི་ལས་དོན་ལ་རོགས་རམ་བྱ་རྒྱུར་རྒྱ་ནག་གཞུང་གིས་དཔལ་འབྱོར་རོགས་དངུལ་རྒྱ་མིའི་དངུལ་ལོར་ཕྲག་ཁྲིག་བཞི་ཟུར་བཅད་བགོས་འགྲེམས་བྱེད་སྐབས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐོན་སྲིད་རྒྱུ་ཡིན་པ་དེ་ཚོའི་ཐོག་ཟབ་ནན་ཆེན་པོས་དོ་སྣང་བྱ་རྒྱུ་ཡིན་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་བཞིན་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ལོ་འདིའི་ནང་ས་ཁང་ཉོ་ཚོང་དང་གཏེར་ཁའི་འབྱུང་ཁུངས་བསྔོགས་འདོན་གྱི་ལས་གཞིའི་ཐད་འབྲེལ་ཡོད་མི་སྣས་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་མེད་ཐད་རྟོག་ཞིབ་ནན་ཏན་བྱ་རྒྱུ་ཡིན་པ་དང་གཞི་རྩའི་ཆར་གོང་ཞུས་གནད་དོན་དེ་གཉིས་རྒྱ་ནག་ནང་མང་ཚོགས་ཁྲོད་རྩོད་གཞི་སློབ་བ་འམ་ཡང་ན་སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པའི་བཟོ་མཁན་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་ཤིན་ཧྭ་གསར་ལས་ཁང་གིས་ངོས་འཛིན་བྱས་འདུག རྒྱ་ནག་གི་བཟོ་གྲྭ་དང་ཚོང་ལས་འཛིན་སྐྱོང་ལས་ཁང་གིས་སྟོན་པའི་བསྡོམས་རྩིས་ནང་དེ་སྔོན་ཉིས་སྟོང་བདུན་ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ནང་ཚོང་ལས་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་༧༤༥༠རྩད་ཞིབ་ཐུབ་པ་བྱུང་ཡོད་པ་རེད།